国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྲིན་གསེབ་ཀྱི་སེར་ཤུལ། འབྲོག་སྡེ་ཡི་ཡུལ་སྐད།

བྱང་སྡེ་ཉི་མ་རྫ་ཆུ་ཁ་ཡིས་ཡུལ་སྐད་ཐོག་ནས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད།

དྲིལ་བསྒྲགས་བྱེད་བཞིན་པའི་ཡུལ་དངོས།

སྤྱི་ཟླ7པར་རྫ་ཆུ་ཁའི་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་བཞད་དེ་མཛེས་སྡུག་རྣམ་པར་བཀྲ། 2020ལོའི་རྒྱལ་ཡོངས་དང་ཞིང་ཆེན་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་སྐད་སྒྲ་དུས་ཐོག་ཏུ་ཡུལ་ཤོག་དང་གྲོང་རྡལ་ཁག་ལ་བརྒྱུད་བསྒྲགས་བྱེད་ཆེད། སེར་ཤུལ་རྫོང་གིས“3+3+N”གྱི་སྒྲོག་འགྲེལ་བྱེད་སྟངས་ཕྱོགས་བསྡོམས་དང་གདམ་གསེས་བྱས་པའི་རྨང་གཞིའི་ཐོག “སྤྲིན་གསེབ་ཀྱི་སེར་ཤུལ། འབྲོག་སྡེ་ཡི་ཡུལ་སྐད”ཀྱི་སྒྲོག་འགྲེལ་མཚོན་རྟགས་གཏོད་པའི་དུས་མཚུངས་སུ། རྫོང་དང་ཡུལ་ཤོག གྲོང་སྡེ་བཅས་རིམ་པ་གསུམ་གྱི་འཐུས་སྒོ་ཚང་བའི་སྒྲོག་འགྲེལ་ཚོགས་པར་བརྟེན་ནས། “ཅི་ཤོད་དགོས་པ་དང་སུ་ཡིས་ཤོད་པ། ཇི་ལྟར་ཤོད”བཅས་ཀྱི་འགག་རྩ་གསུམ་ལ་དམིགས་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་། དེ་བཞིན་དུ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ཤེས་བྱ་སོགས“མི་སེར་དཀྱུས་མའི་ཁྱིམ་དུ་བསྒྲགས་པ་རེད།

ལྟེ་གནས་ལ་དམིགས་ནས་སྒྲོག་འགྲེལ་གང་ལེགས་བྱེད།

ད་ལོའི་སྤྱི་ཟླ5པར་རྒྱལ་ཡོངས་དང་ཞིང་ཆེན་ཚོགས་འདུ་གཉིས་སྦྲེལ་མཐུད་དུ་འཚོགས་ཤིང་།ཉེ་ཆར།སེར་ཤུལ་རྫོང་གི་རྒྱལ་ཡོངས་དང་ཞིང་ཆེན་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྐོར་སྐྱོད་སྒྲོག་འགྲེལ་ཐོག་མ་དེ་རྫོང་དེའི་རྒྱལ་གཉེར་འབྲོག་རར་མགོ་ཚུགས་ཏེ་ལས་བྱེད་པ་དང་མང་ཚོགས400ལྷག་གིས་སྒྲོག་འགྲེལ་ལ་ཉན་པ་རེད།

སྒྲོག་འགྲེལ་ཚོགས་འདུའི་ཐོག རྫོང་དེའི་རྫོང་ཨུ་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་བོད་རྒྱ་སྐད་གཉིས་ཐོག་ནས་རྒྱལ་ཡོངས་དང་ཞིང་ཆེན་ཚོགས་འདུ་གཉིས་ཀྱི་གནས་ཚུལ་མདོར་བསྡུས་དང་། སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་དོན་གཙོ་བོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སོགས་གོ་རིམ་ལྡན་པའི་ངང་སྒྲོག་འགྲེལ་བྱས་པའི་དུས་མཚུངས་སུ། དོན་དངོས་དང་ཟུང་འབྲེལ་བྱས་ནས་འགག་སྒྲོལ་ཆེན་པོ་གསུམ་ཡག་པོ་བསྒྲུབ་རྒྱུ་དང་ལོ་ལྔ་འཆར་གཞི་བཅུ་བཞི་པའི་འཕེལ་རྒྱས་འཆར་འགོད་དང་བརྟན་བརླིང་དྲུག་གི་ལས་ཀ་ཡག་པོ་བསྒྲུབ་རྒྱུ། འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བྱ་རྒྱུ་བཅས་བྱས་ཏེ་ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། རྒན་གསོ། བཟའ་བཅའི་ཉེན་མེད་སོགས་ཐག་གཅོད་བྱེད་གང་ཐུབ་བྱས་པ་རེད།

ཁུལ་མི་དམངས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། སེར་ཤུལ་རྫོང་ཨུའི་ཧྲུའུ་ཅི་ཡོན་མིང་ཀོང་གིས་ང་ཚོས་སྒྲོག་འགྲེལ་གྱི་ནང་དོན་ཐད་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལྟེ་བར་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་ལས་དོན་སོ་སོ་ལ་ཞབས་འདེགས་ཞུས་ནས་བརྗོད་བྱ་གཙོ་བོ་སྐུལ་འདེད་གཏོང་བ་དང་། དྲང་བདེན་ནུས་པ་དར་སྤེལ་བཏང་ནས་ཡིད་ཆེས་ཆེར་སྐྱེད། དམངས་སེམས་གཅིག་སྒྲིལ། སེམས་པ་གཅིག་མཐུན་ཡོང་བ་བཅས་ལ་དམིགས་ཏེ་དུས་ཚིགས་མི་འདྲ་བའི་ལས་ཀའི་གཙོ་གནད་དང་ཟུང་འབྲེལ་བྱས་ནས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སོ་སོ་སྒྲོག་འགྲེལ་བྱ་རྒྱུ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་སྒྲོག་འགྲེལ་བྱ་རྒྱུ།བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གཏམ་རྒྱུད་སྒྲོག་འགྲེལ་བྱ་རྒྱུ། རྒྱལ་ཁབ་ལ་ཕན་ཞིང་དམངས་ལ་ཕན་པའི་སྲིད་ཇུས་སྒྲོག་འགྲེལ་བྱ་རྒྱུ། མཐུན་སྒྲིལ་ཡར་བརྩོན་ལ་དང་འདོད་བྱ་རྒྱུ། རྒྱལ་གཅེས་དྲིན་གཟོ་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་དྲིལ་བསྒྲགས་ཀྱི་ནང་དོན་འདི་གོང་རིམ་ཀྲུང་དབྱང་གི་སྲིད་ཇུས་བསྒྲགས་ནས་གཞི་རིམ་མི་སེར་ལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།

བརྗོད་དོན་གཙོ་བོར་དམིགས་ཏེ་དྲིལ་སྒྲོག་དྲ་བ་འཐུས་ཚང་དུ་བཏང་།

ཡུལ་ཤོག་དང་གྲོང་རྡལ་ཁག་གི་ལྟེ་གནས་སློབ་གྲྭ་དང་རྫོང་དེའི་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་སྒོའི་རྐང་འཛིན་པ་མངགས་ནས་ཡུལ་ཤོག་དང་གྲོང་རྡལ་ཏང་ཨུ་སྲིད་གཞུང་གིས་མཉམ་འབྲེལ་ཐོག་འགུལ་རིས་ལ་ལྟ་བ་དང་ཡུལ་དངོས་སུ་འགྲེམས་སྟོན་བྱེད་པ་སོགས་ཀྱི་ཐབས་ཤེས་འདྲ་མིན་སྤྱད་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ན་སོན་དར་ལ་མ་བབས་པའི་མི་སྣའི་ཉེས་གསོག་སྔོན་འགོག་དང་། ཆུ་རྒྱས་དུས་ཀྱི་འཕྲལ་སྡོམ་རང་སྐྱོབ། རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་བརྗོད་དོན་གཙོ་བོ་སྒྲོག་འགྲེལ་བྱས་པ་རེད།

སེར་ཤུལ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་ཀྲང་འཇམ་དབྱངས་ཚེ་རིང་གིས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དགོན་སྡེར་སྒྲོག་འགྲེལ་བྱེད་དུ་འགྲོ་སྐབས་རྒྱལ་གཅེས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ནི་སྤྱི་ཚོགས་ཀྱི་ཁོངས་མིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།ཆོས་ལུགས་ཀྱི་བསྟན་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ལ་མི་མཐུན་པའི་ཆ་ཡོད་ཀྱང་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་མཐུན་པར་བྱ་དགོས། རྒྱལ་གཅེས་ཆོས་གཅེས་དང་སྡོམ་ཁྲིམས་སྲུང་བ་ནི་ང་ཚོ་གྲྭ་བཙུན་ཚང་མས་བསྒྲུབ་དགོས་པའི་འོས་འགན་ཞིག་རེད་ཅེས་བཤད་པ་རེད།

རྫོང་དེའི་རྫོང་ཨུའི་དྲིལ་བསྒྲགས་པུའུའི་པུའུ་ཀྲང་ཐུབ་བསྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སེར་ཤུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ནས་ཚོགས་འདུ་གཉིས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་སྒྲོག་འགྲེལ་ཚོགས་པས་ལས་བྱེད་པ་དང་། མང་ཚོགས། གྲྭ་བཙུན། ཁེར་རྐྱང་བཟོ་ཚོང་དུད་ཚང་། དགེ་རྒན། སློབ་མ། སྨན་དོན་ལས་སྒྲུབ་པ་སོགས་ལས་རིགས་མི་འདྲ་བའི་མང་ཚོགས་ལ་དམིགས་ནས་སྡེ་ཚན་དང་ལས་རིགས་ཁག་ནས་སྒྲོག་འགྲེལ་གྱི་བྱང་ཚད་ལྡན་པ་དང་། བོད་རྒྱ་སྐད་གཉིས་བྱང་ཆུབ་པ། ལས་སྒོའི་བྱང་ཚད་མཐོ་བ་བཅས་ཀྱི་སྒྲོག་འགྲེལ་པ་བདམས་ཏེ་གཙོ་གནད་མི་འདྲ་བར་གཞིགས་ནས་སྒྲོག་འགྲེལ་བྱས་པ་རེད།

བྱེད་ཐབས་ལེགས་སྒྱུར་བྱས་ནས་མཚོན་རྟགས་གནད་དུ་སྨིན་པ་སྤྱད།

སེར་ཤུལ་གྲོང་རྡལ་དར་དམར་གྲོང་སྡེ་དང་པོའི་གཞིས་མི་ཚེ་རིང་རྣམ་རྒྱལ་ལ་བརྡ་ཐོ་འབྱོར་རྗེས། མྱུར་དུ་ཁྱིམ་དུ་ལོག་ནས་ཆུང་མར་གོ་ཐོས་སུ་སང་ཉིན་རྫོང་ཨུ་སྒྲོག་འགྲེལ་ཚོགས་པ་ཡང་ང་ཚོའི་ཐག་རིང་འབྲོག་རར་ཡོང་ནས‘སྦྲ་གུར་གཏམ་ཚོགས’གཉེར་རྒྱུ་ཡིན་པ་རེད། ཐེངས་སྔོན་མར་གོ་སྐབས་ཤོར་སོང་། ཐེངས་འདིར་ང་ལ་དྲན་སྐུལ་ཞིག་བྱེད་རྒྱུ་མ་བརྗེད་རོགས། ང་ཚོ་མཉམ་དུ་སྒྲོག་འགྲེལ་ལ་ཉན་ས་འགྲོ་དགོས་ཞེས་བཤད།

སྤྱི་ཟླ7པར། ད་ལྟའང་རྩྭ་ཆུ་དེད་ནས་རུ་སྤོས་བྱེད་པའི་གོམས་གཤིས་སྔར་བཞིན་ཡོད་པའི་རྫ་ཆུ་ཁ་འབྲོག་པ་ཚོ་གཞིས་ཆགས་ས་དང་རྒྱང་ཐག་ཅུང་རིང་བའི་དབྱར་སའི་ཐོག་གནས་སྤོ་བྱས་ཡོད། མི་རྣམས་ཐར་ཐོར་བསྡད་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བས་གཅིག་བསྡུས་ཀྱིས་སྒྲོག་འགྲེལ་བྱེད་པར་དཀའ་ངལ་ཡོད་པའི་དོན་དངོས་ཀྱི་གནད་དོན་འདི་ཐག་གཅོད་བྱེད་ཆེད། དུས་ཡུན་རིང་པོའི་ལག་ལེན་ཁྲོད། སེར་ཤུལ་རྫོང་གིས་སྒྲོག་འགྲེལ་བྱེད་སྟངས་རབ་དང་རིམ་པ་ཕྱོགས་བསྡོམས་བྱས་ཏེ“རྟ་ཐོག་སྒྲོག་འགྲེལ”དང“སྦྲ་གུར་གཏམ་རྒྱུད”སོགས་ཀྱི་སྒྲོག་འགྲེལ་བྱེད་ཐབས་འདྲ་མིན་སྣ་ཚོགས་སྤྱད་པ་རེད།

འགྲིམ་འགྲུལ་ཐག་གཅོད་དང་འཚོ་སྡོད་ཁ་ཐོར་ཡིན་པ་སོགས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་ཚོད་འཛིན་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་བསྒྲགས་བཤད་ཀྱི་གོམ་པ་དང་པོ་ཙམ་ཡིན་ཞིང་། ད་དུང་མང་ཚོགས་ཀྱིས་གོ་ཐུབ་པ་དང་། སྡོད་ཐུབ་པ། སེམས་ལ་བརྟན་པོར་འཛིན་ཐུབ་པ། བྱེད་འདོད་ཡོད་པ་བཅས་བྱེད་རྒྱུ་ནི་དེ་བས་འགག་རྩ་ཡིན་པ་རེད།ཐུབ་བསྟན་གྱིས་ཉན་མཁན་ཚོས་སྲོལ་རྒྱུན་གྱི་རྩོམ་ཡིག་རིང་གྲས་དང་ཡིག་ཆ་སྒྲོག་སྦྱང་རྣམ་པའི་སྒྲོག་འགྲེལ་ལ་དགའ་པོ་མི་བྱེད་པར་ཕན་འབྲས་ཆེན་པོ་ཐོན་མེད། དེར་བརྟེན་ང་ཚོས་བསྒྲགས་བཤད་བྱེད་སྐབས་གསར་གཏོད་བྱ་དགོས་ལ་བྱེད་སྟངས་ཀྱང་བསྒྱུར་དགོས། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་གཏམ་གླེང་བ་དང་། གཏམ་རྒྱུད་ཚོགས་འདུ། འཁྲབ་གཞུང་ཐུང་གྲས། རིགས་གཅིག་མཁས་ཅན་གྱིས་མཛུབ་ཁྲིད་སོགས་རྣམ་པར་དམིགས་ཏེ་ང་ཚོ་རང་ཉིད་ཀྱི་སྒྲོག་འགྲེལ་སྤུས་རྟགས་གཏོད་དགོས། སྤུས་རྟགས་ཕན་འབྲས་ལ་བརྟེན་ནས་སྒྲོག་འགྲེལ་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་དགོས་ཅེས་བཤད།

རྩེ་མདའ་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་པད་མ་བཀྲ་ཤིས་ཀྱིས་ང་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་དུས་བྱེད་ཐབས་གལ་ཆེན་ཞིང་། ང་ཚོས་ཞིང་འབྲོག་མང་ཚོགས་ཀྱི་རིགས་ཁག་གི་ཞིང་འབྲོག་ལག་རྩལ་དང་ཁྲིམས་དོན་བློ་འདྲི།བདེ་ཐང་འཕྲོད་བསྟེན། ལས་དོན་གཉེར་བ་སོགས་ཀྱི་དགོས་མཁོ་གཞིར་བཟུང་ནས་འབྲེལ་གཏུག་སྒྲོག་འགྲེལ་ཚོགས་པ་བརྒྱུད་དུས་ཐོག་ཏུ་རིགས་གཅིག་མཁས་ཅན་དང་མཉམ་དུ་ཚན་རྩལ་སྒྲོག་འགྲེལ་བྱེད་དགོས། ཞིང་ཁ་དང་མུ་ཁར་བསྐྱོད་པ་དང་རྩྭ་ཐང་དང་འབྲོག་རར་བསྐྱོད་དེ་མང་ཚོགས་ལ་ཡུལ་དངོས་སུ་དོགས་གཞིར་ལན་བཏབ་དགོས་ཅེས་བཤད་པ་རེད།། (ཀུན་དགས་བསྒྱུར།)