དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཁྱད་པར་གྲོང་ཁྱེར་ཁག་གི་དགོང་མོའི་འཚོ་བ་སྣ་མང་ཕུན་སུམ་ཚོགས་པས་དེང་སང་མི་མང་པོ་ཞིག་དགོང་མོར་ཉལ་མི་འདོད་པ་ཕྱི་རོལ་དུ་སོང་ནས་གླུ་ལེན་གར་འཁྲབ་དང་།ཆང་འཐུང་རྒྱན་འཇོག་སོགས་རྩེད་མོ་འདྲ་མིན་ལ་མགོ་འཁོར་ནས་ནམ་ཕྱེད་བར་ཁྱིམ་དུ་མི་ལོག་ཅིང་། དེར་བརྟེན། ཞོགས་པ་མས་ལས་ལངས་མི་འདོད་པ་ཕག་ལྟར་ཉལ་བའི་བྱ་སྤྱོད་སྡུག་མོ་མིག་མཐོང་ལག་ཟིན་རེད།
གོ་ཐོས་སུ་མི་ཞིག་གི་མི་ཚེ་གང་བོའི་ནང་དུ་གཉིད་པའི་དུས་ཚོད་ཀྱིས་གསུམ་ཆའི་གཅིག་བཟུང་ཡོད་ཅིང་གཉིད་མ་ཁུག་ན་ང་ཚོའི་འཚོ་བ་དང་བྱ་བར་ཤུགས་རྐྱེན་བཟོ་བ་ལས་གཞན།ལུས་ཀྱི་རིམས་འགོག་ནུས་པ་ཇེ་ཞན་དུ་བཏང་ནས་ང་ཚོའི་ལུས་ཕུང་གི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་རེད། དེས་ན། ང་ཚོ་ཚང་མས་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ཟེར་ནའང་འདྲ། ཚེ་སྲོག་སྲུང་སྐྱོབ་བརྗོད་ནའང་ཆོག་སྟེ། གང་ལྟར་ཉིན་མཚན་བརྗེད་མི་རུང་བ་ཉལ་བའི་དུས་ལ་ཉལ་བ་དང་། ལངས་བའི་དུས་ལ་ལངས་པའི་གོམས་གཤིས་བཟང་པོ་ཞིག་རྒྱུན་བཅང་ཐུབ་ན་ཡག་པོ་རེད་སྙམ་བྱུང་།
འཕྲོད་བསྟེན་རྒྱུན་ཤེས་ལས་གོ་ཐུར་པར་དགོང་མོ་གཉིད་མ་ཁུག་ན་མཆིན་པ་དང་མཁལ་མར་ངལ་གསོའི་དུས་ཚོད་ཀྱིས་མ་འདང་བས་སླར་གསོ་བྱེད་དཀའ་བ་དང་ནུས་པ་ཇེ་ཞན་དུ་སོང་ན།ལུས་པོའི་ནང་གི་ཟགས་ཐོན་དོ་མཉམ་མིན་པ་དང་། རིམས་འགོག་ནུས་ཤུགས་ཇེ་ཞན་དུ་སོང་ནས་ནད་རིགས་སྣ་ཚོགས་འབྱུང་ཉེན་ཡོད། ཡུན་རིང་བོར་མཚན་འགྱངས་བྱས་ན་སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཆེ་རུ་འགྲོ་སྲིད།
ཉིན་མོར་དུས་ལྟར་ལངས་མི་ཐུབ་པས་ནངས་ཇ་དང་དྲོས་ཇ་མཉམ་དུ་འཐུང་བའི་གོམས་གཤིས་ཤིག་ཆགས་པའི་འཚོ་བའི་གོ་རིམ་ནོར་ན་ལུས་ཕུང་ལ་གནོད་པ་ཧ་ཅང་ཆེ་སྟེ། ང་ཚོའི་མི་ཚེ་འདིར་རང་ཉིད་ཀྱི་ཚེ་སྲོག་ལས་རིན་ཐང་ཆེ་བ་ཞིག་རྙེད་རྒྱུ་མེད་པས་དེས་ན་ང་ཚོ་ཚང་མས་ཚེ་སྲོག་བདེ་འཇགས་ཀྱི་ཆེད་དུ་ཉིན་མཚན་མ་ལྡོག་པར་དགུང་ཉལ་སྔར་ལངས་ཀྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེའོ།།
(ཀུན་དགས་བྲིས། )
