ཁྲི་གདུགས་ཉི་མའི་འོད་ལས།།
མཛེས་པའི་ཕ་ཡུལ་འཛུམ་ཡོད།།
མུ་མཐའ་མེད་པའི་ཕ་ཡུལ།།
མཛེས་པའི་ནང་གི་མཛེས་པ།།
ནམ་མཁའ་མེ་ལོང་འདྲ་བོ།།
ཆུ་བོ་བདུད་བརྩི་འདྲ་བོ།།
རྩྭ་ཐང་རི་མོ་འདྲ་བོ།།
ཕ་ས་ཕ་ཡུལ་ཡིན་སོང་།།
མཐའ་མེད་རྩྭ་ཐང་ཡངས་པོ།།
རྟ་ནོར་ལུག་གི་ཕ་ས།།
དྭངས་གཙང་རྫ་ཆུ་བསིལ་མ།།
ཁ་བ་བོད་པའི་འཐུང་ཆུ།།
མཚོ་མོ་གཡུ་ཡི་མེ་ལོང་།།
མེས་པོ་གོང་མའི་ཞབས་རྗེས།།
གཡང་གི་ནོར་བུ་ཆ་བདུན།།
ཕ་ས་དཀར་པོའི་ནོར་ཡིན།།
ཕ་ས་སེམས་ཀྱི་དག་ཞིང་།།
ནོར་ནག་གཡང་གི་རུ་མ།།
སྦྲ་ནག་ལྷ་ཡི་གུར་ཁྱིམ།།
ང་ཚོའི་འཚོ་གནས་ཡིན་སོང་།།
མཛེས་པ་ནོར་ནག་ཐིག་ལེ།།
ཡོད་ཚད་འཚོ་བའི་རྒྱུ་ཡིན།།
ཁུལ་རྩིད་བལ་སྐུད་དཀར་ནག།
གཡང་གི་ནོར་བུ་ཆ་ཡིན།།
དབྱར་གསུམ་སྤང་གི་མེ་ཏོག།
མཛེས་པ་ནོར་གྱི་དྲིན་ཡིན།།
དགུན་གསུམ་མེ་ཡི་དྲོད་ཁོལ།།
ལྕི་བ་ནོར་གྱི་དྲིན་ཡིན།།
ཕ་ས་གསེར་གྱི་ལུང་པ།།
ནོར་ནག་དངུལ་གྱི་སྐ་རགས།།
བརྩེ་བ་སེམས་ཀྱི་དྲོད་ཡིན།།
དུང་བ་འོ་མའི་བཅུད་ཡིན།།
བྲེ་སེར་འབྲོང་གི་རྒྱུད་པ།།
སྒང་བ་བོད་ཀྱི་སྒོ་ཕྱུགས།།
མཛེས་པ་སྤང་གི་རྒྱན་ཆ།།
མགོ་ནག་བོད་པའི་དཔུང་རོགས།།
༼ སྦྲ་སྲས་གངས་བུ་འཛུམ་གྲོལ། ༽
