国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཚོ་བྱུང་ངག་གི་ལྷ་མོ་དབྱངས་ཅན་མ་ལ་ ཅུང་ཟད་བསྔགས་པ་དད་གསུམ་ མ་བཅོས་ཀློང་གི་ཆུ་ཐིགས།

མཛེས་སྡུག་ལང་ཚོ་རྫོགས་པའི་ཟླ་གཞོན་སྐུ།།

དྲི་ཟའི་པི་ཝང་འབུམ་གྱིས་འགྲན་མིན་པ།།

སྣ་ཚོགས་ཤེས་བྱའི་དཀྱིལ་འཁོར་རྣམ་པར་བཀྲ།།

སྙན་འཇེབས་གསུང་གི་ལྷ་མོས་དངོས་གྲུབ་སྩོལ།།

ཁྱེད་ཞལ་ཟླ་དཀར་མཛེས་སྡུག་གཞོན་ནུའི་ཚུལ།།

མཚར་སྡུག་ཡིད་འོང་ལྷ་མོ་དབྱངས་ཀྱི་ལྷ།།

སྙན་ཚིག་འབུམ་ཕྲག་སྟོང་ལ་དབང་འབྱོར་བས།།

མཆོག་སྩོལ་ངག་གི་དཔལ་གཏེར་ཁྱེད་མིན་སུ།།

རྣམ་དག་ཤེས་བྱའི་ཆོས་ཚུལ་ཐུགས་ལ་རྫོགས།།

འཛད་མེད་མཁྱེན་ཡངས་དཀར་པོའི་བློ་གྲོས་མངའ།།

རྨད་བྱུང་གསུང་གི་སྒྲ་དབྱངས་སྲིད་ན་སྙན།།

བདེ་སྟོང་གནས་ལུགས་རྟོགས་པའི་དབྱངས་ཅན་མ།།

རབ་མཛེས་གནག་སྣུམ་སྐྲ་ལོའི་ཐོར་ཅོག་ལྡེམ།།

རང་བྱུང་ཕྱག་སོར་རྒྱུད་མངས་འདྲེས་པའི་གདངས།།

ལེགས་གསུང་སྙན་འཇེབས་སྟོང་གིས་མངོན་པར་མཐོ།།

ཡིད་འཕྲོག་ཚངས་དབྱངས་ལྷ་མོ་ཟླ་ལྟར་དཀར།།

དགྱེས་ཉམས་ལང་ཚོ་གར་གྱིས་འཁྲི་ཤིང་གཡོ།།

ལྡེམ་ལེགས་མྱོས་བྱེད་ནོར་བུའི་འཕུར་ལྡིང་རྩེན།།

ཚེམས་དཀར་སུམ་ཅུའི་དུང་ཕྲེང་རྣམ་པར་བཞད།།

སྙན་དབྱངས་འགྱུར་ཁུགས་སྟོང་གིས་ཡིད་དབང་འཕྲོག།

མཐོན་མཐིང་པདྨའི་བཞིན་དཔལ་རབ་མཛེས་ཤིང་།།

འཇོ་སྒེག་གར་གྱིས་འགྱིང་སྟབས་རི་དྭགས་མིག།

དཀར་དམར་འཇའ་ཚོན་བཀྲ་བའི་དཔལ་ཡོན་འབུམ།།

ལྟ་བས་མི་ངོམས་ཡིད་འཕྲོག་མདངས་ལྡན་མ།།

རྨད་བྱུང་མཚར་སྡུག་འཛུམ་པའི་འཇའ་ཚོན་བཀྲ།།

སྒེག་ཉམས་ཡིད་འཕྲོག་ལྷ་མོ་དབྱངས་ལྡན་མ།།

དྲི་ཟའི་ན་ཆུང་ཆུ་འཛིན་དཀར་པོའི་འཕྲང་།།

བྱམས་བརྩེའི་འོད་སྟོང་ལྡན་པའི་འོད་དཀར་ཅན།།

སྙན་འཇེབས་འགྱུར་ཁུགས་སྟོང་གི་འཇོ་སྒེག་ལྡན།།

འཇམ་མཉེན་ཕྱག་སོར་དྲི་ཟའི་རྒྱུད་མངས་ཀེམ།།

བདག་བློའི་རྨོངས་པའི་མུན་པ་རབ་བསལ་ནས།།

བྱིན་རླབས་བདུད་རྩིའི་དངོས་གྲུབ་ཆར་དུ་བསྙིལ།།

༼ འཛུམ་བརྩེ་འཚོལ། ༽