མཚན་དཔེའི་ཡོན་ཏན་ཀུན་རྫོགས་མིག་འཁྲུལ་གྱི་སྒེག་མ།།
སྙན་དབྱངས་འགྱུར་ཁུག་བདག་མོ་མཚོ་བྱུང་གི་ཡི་དམ།།
སེ་གོལ་གཏོགས་སྒྲའི་ཡུན་ཙམ་བདག་བློ་ལ་གཟིགས་ནས།།
དངོས་གྲུབ་ཛ་ཧུའི་བུ་མོའི་ཆུ་ཐིགས་ཙམ་གསོལ་གྱུར།།
བཞི་མདོའི་ལམ་ན་གཟི་ཚོང་ཁ་གདངས་ཀྱི་ཕུག་ནང་།།
རྐང་དྲུག་ལྡིང་འཁོར་རྩེན་པ་མདོ་མེད་ཀྱི་འཁྱམ་པོ།།
ཚངས་སྲས་བཞད་སྒྲ་རྣ་བའི་བུ་རམ་དེ་མུར་བཞིན།།
ཧྲག་ཧྲག་སོར་སྨྱུག་མེ་ཏོག་ཕ་མ་ལ་ཕུལ་ལོ།།
གཡུ་ལོ་འདབ་སྟོང་གྲོལ་བ་མཚར་སྡུག་གི་མེ་ཏོག།
ལོ་ཟླའི་སད་སེར་དཔུང་གིས་བཙན་འཛུལ་རེ་བྱས་ཤིང་།།
སྐྱ་ཆིལ་དུང་ཟླ་ཚེས་པའི་སྐྲ་དཀར་གྱི་ནམ་མཁར།།
གཉེར་པའི་གཤོག་རླབས་འགྱུར་བའི་གླག་རྒོད་ཀྱང་མང་ངོ་།།
དབྱངས་བྱ་ཀ་ལ་པིང་ཀའི་རྣམ་སྤྲུལ་ལ་འཁུམས་པའི།།
སྙན་འཇེབས་གྲེ་བའི་སྒྱུ་རྩལ་ངོ་མཚར་གྱི་གཞས་དཔོན།།
སིམ་གདུང་བར་གསུམ་ཚོར་བ་ཟང་ཟིང་གི་ཀློང་ནས།།
ག་ལེར་གཞས་རའི་མཐར་སྤྱུགས་ངག་དིག་གི་ཕ་མ།།
སྐྱེ་དགུའི་བཀའ་དྲིན་མཚུངས་མེད་ཕ་ལོ་དང་མ་ལོ།།
ཙིཏྟ་སྲིད་པའི་གངས་རི་དཀར་པོ་ཡི་གདུང་རྟེན།།
ངག་རྒྱུད་གཙང་ཆབ་སྔོན་མོའི་འདུ་འཛོམས་ཀྱི་ཕ་ས།།
གཤིས་བཟང་གཡང་མོ་ལུ་གུའི་བལ་འཇམ་གྱི་ན་ཟླ།།
དཀར་དམར་ཁམས་ཀྱི་ས་བོན་ལས་དབང་གི་ཤག་ན།།
ཟླ་དགུ་ཞག་བཅུའི་དྲོ་སྐྱིད་སྒོམ་སྒྲུབ་ནས་གྲོལ་ཏེ།།
ན་ཟུག་ཚ་ཟུག་རྔུལ་ཆུའི་རྦ་རླབས་རེ་འཕྱུར་ཞིང་།།
ཕ་མ་སྔུག་བསྔལ་རྒྱ་མཚོར་ཆམ་ཆམ་ལ་རྩོམ་མོ།།
བསམ་མེད་དྲན་མེད་ལག་ཆུང་ཟོལ་མེད་དུ་གཡུགས་དུས།།
དངངས་སྐྲག་བྱ་སྒྲོ་བསིར་བུས་སྣང་མེད་དུ་འཁྱེར་ཡང་།།
འཛེམ་མེད་མཇེད་མེད་འཛུམ་མདངས་སྙིང་ནོར་ལ་བསྟན་ནས།།
ཨ་ཕ་ཨ་མ་ཟེར་བཞིན་སྨྲ་སྒོ་དེ་ཕྱེས་ཐལ།།
འཇམ་མཉེན་ཡ་ངའི་རྐང་ཆུང་ཀ་བ་ཞེས་ཟེར་ན།།
རང་འགན་ལུས་པོའི་གདུང་མ་མ་ཐེགས་པར་འཁྱོར་དུས།།
བྱམས་བརྩེའི་དྲོད་ཁོལ་ཕྱག་ཟུང་གཅེས་ཕྲུག་ལ་སྤྲད་ནས།།
ཡར་རྒྱས་འཕར་རྩ་ལྡིང་བའི་གསོན་ཤུགས་ཀྱི་གཞི་མ།།
འཛར་འཛར་རྦབ་ཆུར་བསྒྲུན་ནུས་ཞེ་ལོག་གི་སྣབས་རྟུག།
འཚུབ་འཚུབ་གསེར་མདོག་བསེ་རུའི་རྭ་ཅན་གྱི་ཕྱི་ས།།
ཅི་ཚོད་བློད་ཀྱང་ངང་མོ་པད་མཚོ་ལ་འཇུག་འཇུག།
བཙོག་མེད་བྱི་དོར་ལས་མཁན་དྲིན་ཆེན་གྱི་ཕ་མ།།
བཟའ་མཁས་བཏུང་མཁས་ལས་ཀྱི་སྐལ་རྫོངས་སུ་འཛིན་ཞིང་།།
དཀའ་སྤྱད་འབད་ཐབས་འཚོ་བའི་ལེགས་བཤད་དུ་སྒོམ་ལ།།
བུ་བཟང་བུ་མཛེས་མི་ཚེའི་སྙིང་པོ་རུ་འཐེན་མཁན།།
སངས་རྒྱས་སྐུ་ཤ་སློན་པ་དྲིན་ཅན་གྱི་ཕ་མ།།
ལྟོ་གོས་གཏམ་གསུམ་ཡོད་ཚད་བུ་ཆུང་གི་སླད་དུ།།
བདེ་བའི་བཞིན་རས་སྡིག་པའི་འདྲེ་མོ་ཡིས་བཤུས་ལ།།
སྐྱེ་རྒ་ན་འཆི་འཇིག་རྟེན་ཆུ་ཚོད་ཀྱི་སྦུབས་སུ།།
སྙིང་ཕྲུག་ཤ་ལྟར་གཅེས་མཁན་དྲིན་ཅན་གྱི་ཕ་མ།།
ཨེ་མ་མ་འགྱུར་རིགས་དྲུག་སེམས་ཅན་གྱི་ཕ་མ།།
ཀྱེ་ཧུད་སྔུག་བསྔལ་ཁྲག་དང་ཆུ་སེར་གྱི་གན་མཛོད།།
ཨ་ཧོ་བྱམས་བརྩེའི་བདག་ཉིད་ཡབ་ཆེན་དང་ཡུམ་ཆེན།།
ཁྱེད་ཀྱི་མཛད་པ་སྲིད་པའི་རྩེ་མོ་ན་རྒྱལ་ལོ།།
༼ གཡུ་ལོ་སྒྲོལ་མ། ༽