ལུས་ཀྱི་རྔུལ་ཆུ་ཕྲུམ་ཕྲུམ།
ངག་གི་སྨྲ་བ་དབ་དིབ།
ཡིད་ཀྱི་རྨི་ལམ་ཉག་ཉོག
ཨེ་མ། ནར་སོན་གྱི་ལོ་ཟླའི་མཁའ་དབྱིངས་ན།
སྙིང་དུ་སྡུག་པའི་འཇའ་ཚོན་གྱི་
བཀྲག་མདངས་མེད།
ཆུ་ཚོད་དང་སྐར་མའི་ཐག་སྒྲ་ལ།
སྙན་ཞིང་འཇེབས་པའི་གདངས་དབྱངས་
ཀྱི་ལོངས་སྤྱོད་མེད།
རྐང་པ་ས་རུ་བགྲད་པའི་ཁྱོད།
ཁ་ཆག་པ་དང་རྣ་རལ་བ་ཉུང་ཉུང་མིན།
ཟ་བརྒྱབ་པ་དང་ཁ་འཁྱོག་པ་ཡང་རེ་
གཉིས་མིན།
སྒལ་ཚིགས་སྲོང་པོར་བགྲེངས་པའི་ཁྱོད།
མགོ་ཕུར་བ་དང་ལྕེ་མནར་བ་མང་མང་རེད།
འཛུམ་འཕྱུང་བ་དང་བསྟོད་རག་པ་ཉུང་
ཉུང་རེད།
ཤ་ཁྲག་གི་ཤིང་སྐམ་ཕུང་པོར།
འདོད་ཁྲོ་གཏི་མུག་གི་འདབ་མ་ལྷུག་པར་གྲོལ།
བྱ་རོག་གི་འགྲམ་སོ་བརྒྱད་པོས།
གྲོང་པའི་གཏོར་མ་ཡི་མར་ཕྱེ་ཡུན་གྱིས་བསྣད།
ཀྱེ་ཧུད། འདི་ལྟ་བུའི་འཇིག་རྟེན་ཞིག་ན།
ཁྱོད་ཀྱི་འཆར་གཞི་ཡི་རྐང་རྗེས་འགྱུར་ལྡོག་
གིས་བསུབ་ཅིང་།
ཁྱོད་ཀྱི་ལྷག་བསམ་གྱི་ཁ་བཏགས་ང་རྒྱལ་
གྱིས་བསྲེགས་དུས།
གཟུགས་མེད་ལྷ་འདྲེ་ལས་གཏུམ་དྲག་ཆེ་
བའི་གྲོང་ཁྱེར་འདི་ལ།
སྔ་མ་ནས་འོད་ཟེར་མེད་པ་ག་ལེར་ཤེས་
ཡོང་གིས།
སྔ་མ་ནས་དྲོད་ཁོལ་མེད་པ་ངང་གིས་
ཚོར་བྱུང་།
༼ སྲད་འདབ་གསར། ༽