སྤྱི་ཟླ7པའི་ཚེས31ཉིན་གྱི་ཆུ་ཚོད10དང་སྐར་མ48ལ་ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ཏེ“བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པའི”ཁྱབ་བསྒྲགས་གནང་བ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་དགའ་བསུ་མཚམས་མི་ཆད་པ་ཞུས་ཡོད།
ཞི་ཅིན་ཕིང་གིས་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་དང་ལྷག་པར་དུ་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་པའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་ནས་སྤྱོད་མགོ་ཚུགས་པ་ལས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་ཏེ་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་སྟོབས་ཆེར་འགྲོ་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ། མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་འོག་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། མི་རིགས་ཀྱི་གདེང་ཚོད་སྔར་ལས་འཕེལ་བ། “ལོ་བརྒྱ་ཐམ་པ་གཉིས”ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་ཧུར་ཐག་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་རེད། ལོ26རིང་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་ཞིབ་བཟོ་བྱེད་མཁན་མི་སྣ་ཡོངས་ཀྱིས་དཀའ་ངལ་ཁྱད་བསད་དང་། དམག་འཐབ་དྲག་པོ་རྒྱག་ཕོད་པ། རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པའི་བྱང་སྐར་སྤུན་བདུན་གྱི་སྙིང་སྟོབས་སྐྱེད་སྲིང་བྱས་པ་དེ་དག་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏང་དགོས། བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་གི་ཉེར་མཁོ་ཁྱབ་གདལ་གཏོང་བ་དང་། མ་ལག་འཁོར་སྐྱོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་སོགས་ཀྱི་རྗེས་མཐུད་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་ནི་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་ནས་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་ཚན་རྩལ་འདུ་འགོད་གལ་ཆེན་ཞིག་རེད། ལས་གྲྭ་དེ1994ལོར་འགོ་བཙུགས་པ་དང་། 2000ལོར་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་ཨང་དང་པོ་བསྐྲུན་པ། 2012ལོར་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་ཨང་གཉིས་པ་བསྐྲུན་ཡོད། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་མ་ཟད། སྤྱོད་འགོ་ཚུགས་ནས་ཞབས་འདེགས་ཞུས་པ་དེས་ལས་གྲྭ“གོམ་སྟབས་གསུམ་ལ་དབྱེ་བའི”འཕེལ་རྒྱས་ཀྱི་འཐབ་ཇུས་ལ་མཐའ་མའི་རྒྱལ་ཁ་ཐོབ་པ་དང་། རང་རྒྱལ་འཛམ་གླིང་ཐོག་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་ཁེར་རྐྱང་དུ་དབང་བའི་རྒྱལ་ཁབ་གསུམ་པར་གྱུར་པ་མཚོན་ཡོད། མིག་སྔར་གོ་ལ་ཧྲིལ་པོར་རྒྱལ་ཁབ་དང་ས་ཁུལ120ལྷག་ཙམ་གྱིས་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་སྤྱོད་ཀྱི་ཡོད་པ་རེད།། (མི་དམངས་དྲ་བ་ནས་དྲངས།)
