༡
ཡུན་རིང་ཡུན་རིང་གི་རྗེས་སུ་ངས་འདི་ལྟར་བསམ་སྲིད། མི་ཚེ་ནི་གློག་འགྱུ་ཐེངས་ཤིག་དང་འདྲ་བར། ངའི་མགོ་ཐོག་ཏུ་སླེབས་ཤིང་སླར་ཡང་ངའི་མགོ་ཐོག་ནས་ཡར་སོང་། ལོ་ངོ་ཉི་ཤུའི་གཏམ་རྒྱུད་ཁུར་བའི་ང་ནི་དེ་དུས་ཀྱི་དབྱར་ཟླ་བཞིན་དྭངས་ལ་བུང་བ་ལྟར་སྐྱིད། དེ་དུས་ང་ལ་རྨི་ལམ་ཇི་འདྲའི་མང་། ངས་འཚོ་བ་ཞེས་པའི་གཟུགས་མེད་ཀྱི་རི་མོ་འདི་འབྲི་བར་དང་དོད་རབ་ཏུ་བྱས་ཏེ། གྲོང་དང་གྲོང་ཁྱེར་ཉུལ། སློབ་སྦྱོང་ཞེས་པའི་བསམ་བློའི་ཞལ་ཟས་དེ་འཚོལ་ཆེད་སྡེ་གྲོང་གི་གཡོག་པོའང་བྱས། ལང་ཚོའི་སྒང་བུ་འབུས་པའི་བུ་མོ་དེའི་དོན་དུ་མིག་ཡ་གཅིག་ཀྱང་ཁོ་མོར་སྦྱིན་པ་བཏང་བར་མོས་ཤིང་འཐད། ད་དུང་མང་པོ་མང་པོ་ཞིག་ངས་རང་ཐོག་གི་འཇའ་བཞིན་མིག་གིས་རོལ་ཞིང་། མང་པོ་མང་པོ་ཞིག་ངས་རང་ལུས་ཀྱི་མཛེས་སྡུག་ལྟར་མྱངས། དེ་དུས་ངས་མགོ་ཐོག་གི་ནམ་མཁའ་མཐོང་མཁན་རང་ཉིད་ལས་མེད་པར་འདོད་ཅིང་། རྐང་འོག་གི་ས་གཞི་སྣོན་མཁན་ཡང་རང་ཉིད་ལས་མེད་པར་བསམ།
༢
ཡུན་རིང་ཡུན་རིང་གི་རྗེས་སུ་ངས་འདི་ལྟར་བསམ་སྲིད། མི་ལུས་གཅིག་ལ་སྐྱེ་ལུས་གཉིས་བླངས་བའི་ང་ནི། མངོན་ལྐོག་གང་རུང་ནས་སྡེ་བའི་ནང་གི་མི་ཁས་ཁྱི་ལྡོམ་གྱི་ཚུལ་གྱིས་ཚིག་རྩུབ་ཀྱི་རྡོ་བས་བཙགས། འབབ་ཡུལ་མེད་པའི་རྒོད་པོ་དང་མཚུངས་བའི་ང་ནི་སྐབས་དེའི་འཚོ་བ་དང་མིག་ཆུ། སྐབས་དེའི་ཁེར་རྐྱང་དང་སྐྱོ་ངལ་དྲན་པས། མི་ཚེའི་ལ་འགོར་བསླེབས་པའི་རང་ཉིད་ལ་བལྟས་ཏེ་དབུགས་ངལ་རིང་པོ་ཞིག་བཏང་ཞིང་། སླར་ཡང་རྒྱང་རིང་གི་འབྲོག་ཐང་ལ་མིག་ཟུང་འཕེན་སྲིད། རླུང་བུ་ཡང་མོ་ཞིག་གིས་ངའི་སྐྲ་ལོ་རེ་རེ་ཞིག་བསྒུལ་ཞིང་། སྐབས་དེའི་ངའི་མཉམ་སྣང་ནི་སྡེ་འདབས་ནས་གཡུག་འོང་བའི་རླུང་བུ་འདིས་ང་རང་གནས་གང་ཞིག་ཏུ་ཁུར་བཞིན་འདུག་པའི་སེམས་ངལ་འབྱུང་སྲིད།
༣
ཡུན་རིང་ཡུན་རིང་གི་རྗེས་སུ་ངས་འདི་ལྟར་དྲན་སྲིད། ངའི་ཚེ་སྟོད་ཀྱི་དབུལ་ཕོངས་དང་ཁེར་རྐྱང་གིས་ང་ལ་ཅི་ཞིག་བསྩལ་ཡོད་དམ། གཅིག་བྱས་ན་ང་རང་བྱིས་པ་ཡིན་དུས་སུ་སྐྱོ་བའི་མནར་གཅོད་ཟེར་བ་ཡང་སྐད་ཆ་འགའི་ཡུན་ལས་མེད་པའི་ངུ་སྐད་ཙམ་ཡིན་ལ། མེ་ཏོག་དང་མཉམ་དུ། རེའུ་དང་ལྷན་དུ། ན་ཟླ་དང་འགྲོགས་ནས་སྡོམ་ཚིག་འགོད་མི་ཐུབ་པའི་འཚོ་བ་ཞིག་ལ་འཇུས་ནས་འོང་ཞིང་། སྐབས་དེར་ང་ལ་ཡོད་པ་ནི་བདེ་སྐྱིད་ཡིན་པས་ངས་ང་ནི་དབུལ་བོ་ཡིན་པས་སྡུག་པོ་ཡིན་པར་བསམ་མ་མྱོང་ལ། མི་ཚེ་ཟེར་བ་འདིའང་ཅི་ཡིན་འདི་ཡིན་མེད་པར་རང་ཐོག་ལ་སླེབས་ཤིང་ནུབ་འགྲོ་བའི་མགོ་ཐོག་གི་ཉི་མ་དང་འདྲ་ནའང་། འདི་ནི་ང་ལ་འབྲེལ་བ་གང་ཡང་མི་འདུག་སྙམ།སྐབས་དེའི་རང་སེམས་ལ་ཕྱིར་འདང་བྱས་ན། དུས་ཚོད་ཁྲི་ཕྲག་གིས་གྲུབ་པའི་ངའི་མི་ཚེ་འདིར་མནར་སོན་རྒྱུ་མེད་ན་དགའ་འང་སྙམ། ཡིན་ནའང་མི་འདོད་པ་ཡོད་ཚད་ནི་སྔ་ཕྱི་མ་གཏོགས་སྔར་བཞིན་སླེབས་འོང་བ་ནི་ཆོས་ཉིད་ཅིག་ཡིན་པས། ངའང་ཆོས་ཉིད་འདིའི་སྒྲོག་ལས་ཐར་ག་ལ་ཐུབ་བསམ་སྲིད།
༤
ཡུན་རིང་གི་ཡུན་རིང་གི་རྗེས་སུ་ངས་འདི་ལྟར་བསམ་སྲིད། ལོ་ཟླ་ལོ་ཟླ། དུས་ཚོད་དུས་ཚོད། འཚོ་བ་འཚོ་བ་ཞེས་གླེང་མཁན་གྱི་ངའི་ནང་གྲོགས་དག་གཅིག་རྗེས་གཉིས་མཐུད་ཀྱིས་མི་ཚེའི་ལ་འགོར་སླེབས་པ་ན། ང་ཚོས་ཕ་གིའི་ཆུ་འགྲམ་དུ་བལྟས་ཏེ་བྱིས་དུས་གླེང་ཞིང་། མི་ཚེ་འདི་མགྱོགས་པ་ལ་ཨང་ཞེས་སྨྲེང་སེམས་དང་ཕྱིར་དྲན་ཤག་ཤག་ཏུ་འཇོ་བ་ལས། ཕྱིར་དྲན་གྱི་ཧྲག་མཐའ་ཡར་བཀྱགས་ཏེ་གཞོན་དུས་ཀྱི་མཛེས་པ་ལྷུར་གྱིས་ལེན་མི་ཐུབ་པའི་འཁོར་བའི་མནར་གཅོད་འདི་ཡ་ང་བ་ལ་སྙམ། ཡང་ན་ད་ནས་ཡུན་རིང་ཡུན་རིང་ཞིག་འགོར་བ་ན། ངས་མགོ་ཐོག་གི་ནམ་མཁའ་ཤུལ་དུ་བསྐྱུར་ཏེ་ཆས་དགོས་ཤིང་། རྐང་འོག་གི་ས་གཞི་འདི་ལའང་བདེ་མོ་འཇོག་དགོས་པ་དྲན་སྲིད།སྐབས་དེར་ངའི་གདོང་ལ་ནང་དོན་རྟོགས་ཐབས་མེད་པའི་འཛུམ་ཞིག་ལང་ནས་རང་ཉིད་ལ་འཁང་ར་བྱེད་ངེས།
༤
ཡུན་རིང་ཡུན་རིང་གི་རྗེས་སུ་ངས་འདི་ལྟར་བསམ་སྲིད། དུ་བ་རྐང་གཅིག་འཐེན་པའི་ཡུན་ལས་མེད་པའི་མཐའ་མཇུག་གི་བཞུད་ལམ་འདི། མི་རྣམས་སྐྱེས་བ་ནས་དར་བ། རྒས་པ་ནས་འཆི་བའི་ཆོས་ཉིད་དུ་ངོས་འཛིན་པའི་ལམ་བུ་ཞིག་གི་མཇུག་ཡིན་པས། ང་ནི་ལམ་བུ་འདིར་འགྲོ་རྒྱུར་དེ་ཙམ་ཞེད་སྣང་མེད་ནའང་། མྱངས་ནས་མ་ཚར་བའི་ཁྱོད་ལུས་ཀྱི་བསུང་ཞིམ་དེ་ཤུལ་དུ་བསྐྱུར་དགོས་ན། ལོ་ཟླ་འགའ་ལ་ངས་རྨིས་མ་ཚར་བའི་རྨི་ལམ་འདི་ད་དུང་རྨིས་ན་སྙམ་སྲིད། ཚེ་སྲོག་གི་ནམ་མཁའི་སྤྲིན་པ་རླུང་གིས་ཁྱེར་དགོས་ཀྱང་སྤྲིན་དཀར་སྟེང་གི་དཀར་ཤ་མིག་གིས་འཚོལ་ཐུབ་ན་བསམ་སྲིད། ང་ནི་དེ་ལྟར་བསམ་རྒྱུར་གོམས་ཤིང་། སྡེ་འདབས་ཀྱི་ལམ་བུ་སྐྱ་བོ་དེ་འཐེན་ནས་རང་ཁྱིམ་གྱི་ཕྱོགས་སུ་ཁོམ་ཁ་བསྒྱུར་སྲིད།
༼ བཙན་མི། ༽
