国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ངོགས་སུ་ལྷེམ་པའི་ལྗང་ལོ།

ཕྱི་ཡི་ཡུལ་ལྗོངས་ཆར་ཆུ་འཐུང་འདོད་ཀྱིས།།

སྐོམ་པའི་གྲེ་བ་མནར་ནས་ཤིན་ཏུ་གདུང་།།

བསིལ་རླུང་འཇམ་པོ་རེ་ཡང་དལ་གྱིས་རྒྱུ།།

བྱིའུ་ཚོགས་ཀྱང་སྤེན་མའི་ནགས་གསེབ་འཚུབ།།

ཅིར་ཅིར་ཟེར་ནས་ཕན་ཚུན་གླེང་མོལ་བྲེལ།།

བཙའ་མདོག་ཤོར་བའི་ནོར་འཛིན་སྒེག་མོས་ཀྱང་།།

ལྗང་གུ་བཀྲ་བའི་ལྭ་ཞིག་གྱོན་འདོད་ཀྱིས།།

གངས་ཆར་འདྲེས་མའི་གཙང་ཆབ་ཧུབ་ཀྱིས་འཐུང་།།

སྤྲིན་པ་རྡེབ་པའི་གད་རྒྱང་ཕྱོགས་ཀུན་ལྡིར།།

ནང་གི་སེམས་ཤག་ཆར་གྱི་གཞས་ཆུང་གིས།།

སྐྱེ་བ་འདི་ཡི་ཁྱོད་རང་དཀྲོལ་ནས་འོང་།།

སྙན་པའི་ཟོལ་གྱིས་ཚོར་བའི་སྒེའུ་ཁུང་ལས།།

བལྟས་པས་མིག་ལ་འཇའ་ཚོན་སྡུག་གུ་བཀྲ།།

ཡི་གར་ལྷུང་བའི་གཤིས་བག་སེམས་ཚོར་བརླན།།

ལྗང་ལོ་རེ་ཡང་དྲན་པའི་རྟེན་དུ་འཛུམ།།

ཚེ་ཡི་རྒྱུད་སྐུད་སྟོང་གི་སྙན་པ་ཀུན།།

ཁྱོད་རང་ལྷེམ་པའི་དབྱངས་གསལ་ལྡེ་གུ་རྩེན།།

༼ གུ་དཔལ་ཤིས། ༽