ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་བཟོ་ལས་ཆ་འཕྲིན་པུའུ་ནས་ཤེས་རྟོགས་བྱས་དོན། ལོ་སྟོད་དུ་རང་རྒྱལ་གྱི་དྲྭ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ལས་རིགས་རིམ་བཞིན་ལེགས་སུ་འགྲོ་བའི་རྣམ་པ་ཐོན་ནས་གཞི་ཁྱོན་ཡན་སླེབས་པའི་དྲྭ་སྦྲེལ་ཁེ་ལས་ཀྱིས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར5907ལེགས་སུ་འགྲུབ་ནས་དུས་མཚུངས་དང་བསྡུར་ན་བརྒྱ་ཆ14.1འཕར་ནས་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་ཀ12.6མཐོ་རུ་ཕྱིན་ཡོད་པ་རེད།
ལས་གཉེར་ཡོང་འབབ་གྲངས་གནས་གཉིས་འཕར་བ་སླར་གསོ་བྱུང་བ་དང་ཆབས་ཅིག་ལས་རིགས་ཀྱི་ཁེ་སྤོགས་ཀྱང་འཕར་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ལོ་སྟོད་དུ་ལས་རིགས་ཧྲིལ་པོར་ལས་གཉེར་ཁེ་སྤོགས་སྒོར་དུང་ཕྱུར521.6བྱུང་བ་དེ་དུས་མཚུངས་ལས་བརྒྱ་ཆ2.8འཕར་ནས་དུས་ཚིགས་དང་པོའི་ཆེས་ཆེར་ཆག་པའི་རྣམ་པར་ཁ་ལོ་བསྒྱུར་ཡོད། དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། ལོ་སྟོད་དུ་ལས་རིགས་ཧྲིལ་པོའི་ཞིབ་སྤེལ་ཐད་མ་དངུལ་གཏོང་རྒྱུ་རྒྱུན་མཐུད་དུ་འཕར་མགྱོགས་པའི་རྣམ་པ་མཚོན་ཞིང་། ཞིབ་སྤེལ་ཐད་སྒོར་དུང་ཕྱུར་313.4བཏང་བ་དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆ10.7འཕར་ནས་འཕར་ཚད་འདི་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་ཀ10.7མཐོ་རུ་ཕྱིན་ཡོད་པ་རེད།
ལས་སྒོ་དབྱེ་འབྱེད་བྱས་ནས་བལྟས་ན། ཆ་འཕྲིན་ཞབས་ཞུའི་ཡོང་འབབ་འཕར་མགྱོགས་པའི་ནང་སྒྲ་ལམ་དང་བརྙན་ལམ་གྱི་ཞབས་ཞུ་འཕར་ཚད་མངོན་གསལ་དོད་ཤོས་ཡིན། ལོ་སྟོད་དུ་དྲ་སྦྲེལ་ཁེ་ལས་ཀྱིས་དྲ་རྒྱའི་རོལ་དབྱངས་དང་། བརྙན་ལམ། དྲ་རྒྱའི་དཔེ་ཀློག་སོགས་ཚུད་པའི་ཆ་འཕྲིན་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར3577ལེགས་སུ་འགྲུབ་ནས་དུས་མཚུངས་དང་བསྡུར་ན་བརྒྱ་ཆ16.3འཕར་ནས་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་ཀ5.2མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་དྲྭ་སྦྲེལ་ལས་སྟེགས་ཀྱི་ཞབས་ཞུའི་ཡོང་འབབ་མགྱོགས་མྱུར་འཕར་ནས་དྲ་ཐོག་སློབ་གསོ་དང་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱི་ཁེ་ལས་སྔོན་དུ་སླེབས་ཡོད། ལོ་སྟོད་དུ་དྲྭ་སྦྲེལ་ལས་སྟེགས་ཞབས་ཞུའི་ཁེ་ལས་ལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1728བྱུང་བ་ནས་དུས་མཚུངས་དང་བསྡུར་ན་བརྒྱ་ཆ13.6འཕར་ནས་འཕར་ཚད་ཟླ་དང་པོ་ནས་ལྔ་པའི་བར་ལས་བརྒྱ་ཆའི་གྲངས་ཀ8.7མཐོ་རུ་ཕྱིན་ཡོད། གཞན་ཡང་དྲྭ་སྦྲེལ་གྱི་གྲངས་གཞིའི་ཞབས་ཞུ་འཕར་ཚད་ཅུང་མགྱོགས་ཤིང་། ལོ་སྟོད་དུ་དྲྭ་སྦྲེལ་ཁེ་ལས་ཀྱིས་སྤྲིན་ཚོམ་ཞབས་ཞུ་དང་གྲངས་གཞི་ཆེ་མོ་སོགས་དྲ་སྦྲེལ་གྱི་གྲངས་གཞིའི་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར87.6ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ14.3འཕར་ཡོད་པ་རེད།
(ཡེ་ཤེས་ཀྱིས་བསྒྱུར།)
