国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུང་སེམས་མུ་ཏིག་དཀར་པོའི་ཕྲེང་བ།

ལྷད་མེད་བརྩེ་བ་འདི་གཉོམ་པོ་གཉོམ་པོ།།

ཞེ་འདང་རི་མོ་འདི་ཇེ་གསལ་ཇེ་གསལ།།

ལོ་དང་ཟླ་བ་འདི་མྱུར་མོ་མྱུར་མོ།།

ཚིག་གི་ཕྲེང་བ་འདི་ཇེ་མང་ཇེ་མང་།།

ཡིད་ཀྱི་ན་བུན་འདི་ཚིག་ལ་བྲིས་ཀྱང་།།

སྣང་བ་འཁྱག་པོ་འདི་གཞས་སུ་བཀུག་ཀྱང་།།

དྲན་པའི་དྲན་པ་འདི་བརྩེ་བའི་གཏམ་ཡིན།།

དུང་བའི་དུང་བ་འདི་སྙིང་གི་འཛུམ་ཡིན།།

ཚོར་བའི་རྦ་རླབས་འདི་སེམས་སུ་འཕྱུར་ཡང་།།

སྣང་བའི་ཁབ་རྩེ་འདི་སེམས་སུ་ཟུག་ཀྱང་།།

སེམས་ལ་བཞག་པ་འདི་རྨ་ཁ་ཡིན་ཡང་།།

ཉི་མའི་འཛུམ་ཀོང་དེ་སེམས་སུ་བཞད་ཡོང་།།

འདས་སོང་ལོ་ཟླ་ཡི་འཕྲང་ལམ་དེ་ན།།

དྲན་ཤིང་མེ་ཏོག་གི་ལོ་མ་ཐར་ཐོར།།

སྙིང་གི་ཤ་དྲོད་འདི་ཚོར་བར་བྲིས་ན།།

སེམས་པའི་ཕྱི་ནང་འདི་འཁྱག་སིབ་ཨེ་ཡིན།།

བརྩེ་བའི་མེ་ཏོག་དེ་ཁྱེད་ཡིན་ཟེར་ན།།

དྲན་པའི་རི་མོ་དེ་ང་ཡིན་བཤད་ཆོག།

དགའ་བའི་དྲན་པ་དེ་མནའ་ཚིག་བྲིས་ནས།།

བརྩེ་བའི་འདང་བརྩེ་འདི་ཚེ་རིང་ལོ་བརྒྱ།།

གང་ལྟར་དྲན་གདུང་གི་མིག་ཆུའི་བརླན་ཡང་།།

སེམས་པའི་མེ་ལྕེ་འདི་སྐམ་ཐབས་མི་འདུག།

དྲན་པའི་གཞས་ཆུང་འདི་བླངས་ན་མ་བླངས།།

ཁྱེད་དང་འཕྲད་པ་འདི་སྔོན་བསགས་ལས་རེད།།

༼ སྦྲ་སྲས་གངས་བུ་འཛུམ་གྲོལ། ༽