国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙིང་གི་ཐེག་ལེ།

མཚན་མོའི་མཁར་གྲོང་དུ།

སྒྲོན་མེས་རྨི་ལམ་བཏེགས་ཤུལ།

མེ་ལོང་ནང་གི་སྡུག་གུས།

ལང་ཚོ་བཟི་བར་བྱས་སོང་།

དཔྱིད་ཀྱི་རྒྱལ་མོའི་གྲེ་འགྱུར་དུ་ཐོགས་པའི།

རྨི་ལམ་གྱི་གཤིན་ས་རུ་བཞད་པའི།

ཤངས་ཆུའི་རླབས་རྩེར་འཕྱོ་བའི།

ངའི་ཡིད་འོང་གི་སྙིང་གི་ཐེག་ལེའོ།

གྲོང་ཁྱེར་ནས་རྒྱང་རིང་ལ་ཅེར་དུས།

རི་འདབས་ཀྱི་གྲོང་ཚོ་ཆུང་ཆུང་།

ལྷིང་འཇགས་ངང་རྨི་ལམ་དུ་མྱུལ་ཞིང་།

རླུང་བསེར་བུ་ཉི་ཟེར་ལ་ཆིབས་ནས།

ལུག་ཁྱུ་ཐར་ཐོར་དུ་དཀྲོག་རྗེས།

རྨི་ལམ་ནང་གི་བུ་མོའང་གཉིད་ལས་དཀྲོག་སོང་།

མི་འགྱུར་རྡོ་རྗེ་བྲག་ལ།

གཏིང་མཐའ་དཔོག་པའི་མཚན་མོ་རྐོ་དུས།

འོད་ཀྱི་ཅོད་པན། སྙིང་གི་ཐེག་ལེ།

རྒྱ་མཚོ་མེད་པའི་རྒྱ་མཚོའི་སྟེང་།

མྱ་ངམ་ཐང་གི་རྒྱ་མཚོའི་སྟེང་།

ཀོ་གྲུ་ཆུང་ཆུང་། སྙིང་གི་ཐེག་ལེ།

བདག་ལ་བརྩེ་དུང་གི་བདུད་རྩི་གནང་བྱུང་།

མཚན་མོའི་མུ་ཁྱུད་འབྲེལ་བའི་རྨི་ལམ་དུ།

སྒྲོན་མེས་བརྩེ་དུང་བཏེགས་ཤུལ།

ཁྱོད་དང་ང་། རང་ཉིད་ཀྱི་རྒྱལ་མཁར་དུ།

སྐར་མ་རེ་རེར་བགྲང་ཞོར།

མཆུ་དང་མཆུ་སྦྱོར་གྱི་ལས་ལ་འབྲེལ་ཞིང་།

རྨི་ལམ་གྱི་དཀྱིལ་འཁོར་དུ།

བརྩེ་དུང་གི་གཤོག་འདབ་རྒྱས་ནས།

རང་དབང་གིས་འཕུར་འགྲོ

༼ གངས་འཁྱམ་གསར་བུ། ༽