国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སླར་ཡང་ལྷ་མོ་དང་འཕྲད་པ་།

སྤྱི་ཟླ༣པའི༡༦ནུབ་མོ་རིག་འཛིན་ཉལ་རྗེས་སྔར་ལྟར་འཕྲིན་ཕྲན་ལས་ལྷ་མོར་ཡི་གེ་བཏགས་ཏེ་ཁ་བརྡ་གློད་འགོ་ཚུགས། མཚམས་ཤིག་ནས་ལྷ་མོས་བཤད་རྒྱུར“ཉིན་ཁ་ཤས་ནས་ང་རང་ཞིང་ཆེན་ལ་འགྲོ་དགོས”ཞེས་བརྗོད། ཏག་ཏག་རིག་འཛིན་ཡང་སློབ་གྲྭར་འགྲོ་རན་པའི་དུས་དང་འགྲིག་པས་ཁོས་ཅི་སྣང་མེད་པར་“ཁྱོད་ཇི་ལྟར་འགྲོ་དགོས། ངའང་འགྲོ་དགོས་པས་མཉམ་པོར་འགྲོ་ཨེ་རེད།”ཅེས་བཤད། མོས་ཀྱང་སྤྲོ་བའི་ཉམས་ཀྱིས་“ཡ་ཡ། ལོས་ཆོག ངེད་ཚང་གི་རླངས་འཁོར་བསྐོར་ཏེ་འགྲོ་དགོས། བརྒྱ་ལ་ན་ཨ་ཕའང་ཡོད།” ཅེས་བཤད་དེ་ཁོ་གཉིས་ཞིང་ཆེན་དུ་འགྲོ་བར་དུས་ཆད་བྱས།

མ་གཞི་རིག་འཛིན་དང་ལྷ་མོ་གཉིས་ནི་སློབ་ཆུང་ལོ་རིམ་དང་པོའི་སྒོ་ཐེམ་མཉམ་དུ་སྤོས་ཤིང་དབྱངས་གསལ་སོ་བཞིའི་གདངས་དབྱངས་སྙན་མོ་དང་ལྷན་དུ་ནར་སོན་པའི་བགྲང་བྱ་དུ་མའི་རིང་གི་སློབ་གྲོགས་ཡིན། སློབ་ཆུང་མཐར་ཕྱིན་ལ་ཉེར་བའི་སྐབས་ཤིག་ལ་ལྷ་མོ་ཚང་ཞིང་ཆེན་དུ་གནས་སྤོ་བྱས་སོང་། དེ་ནི་མོ་རང་གར་རྩེད་དང་རོལ་དབྱངས་ཀྱི་ཟློས་གར་ལ་དགའ་བས་དེའི་ཆེད་དུ་རེད་ཟེར། ང་ཚོའི་སློབ་གྲྭ་ནས་ཀྱང་མོ་རང་ཞབས་བྲོ་བ་རྩེ་གྲས་དེའང་ཡིན་དཔེ། ལོ་དེའི་སླད་མར་རིག་འཛིན་ཡང་ཕ་མ་ཟུང་གི་རེ་འདོད་དམ་ཉིད་ཀྱི་དགའ་མོས་ལྟར་སློབ་གྲྭ་ག་གེ་མོ་དེར་ཕྱིན་ཏེ། འཚོ་བ་གསར་བ་ཞིག་དང་རྣམ་པ་ཁ་ཁ་ཞིག་གི་སྒོ་ནས་མངར་ལ་སྐྱུར་བའི་མི་ཚེའི་ཐེམ་པ་བགས་ཀྱིས་བརྒལ་འགོ་ཚུགས། དེ་ནས་བཟུང་ཁོ་གཉིས་བགྲང་བྱ་བཅུའི་ལྷག་གི་རིང་ལ་ཕན་ཚུན་གནས་ཚུལ་ཡང་མ་གོ་ལ་ཐུག་འཕྲད་ཀྱང་མ་བྱུང་། ཉིན་ཞིག་ཁོ་ཚོའི་སློབ་གྲོགས་ཚོམས་ཞེས་པའི་དྲྭ་ཚོམས་དེའི་ནང་དུ་སློབ་གྲོགས་གཞན་ཞིག་གིས་རྒྱ་ཡིག་གི་མིང་ཅན་གསུམ་དེར་ནང་འཇུག་བྱས་ཏེ་རེ་རེ་ནས་ངོ་སྤྲོད་བྱས། དེའི་ནང་གི་གསུམ་པ་དེ་ལྷ་མོ་ཡིན་པས་རིག་འཛིན་གྱིས་དེ་ཤེས་མ་ཐག ཁོའི་ཐོག་མའི་འཁྲེང་སེམས་ཀྱི་བག་ཆགས་སམ་བརྩེ་བའི་འཁྲེན་ཞེན་ཀྱི་མནལ་ལམ་གློ་རྡེག་ཏུ་སད་དེ། ནེམ་ནུར་དང་ཞེད་སྣང་འདྲེས་མའི་ངང་ནས་ལྷ་མོར་འབྲེལ་བ་བྱས་ཏེ་་ཁོ་གཉིས་ཀྱིས་ཆུང་བྱིས་པའི་དུས་ཀྱི་རྩེད་གཏམ་དང་གནས་སློབ་གྲྭའི་སྐབས་ཀྱི་ཕྱིར་དྲན་སོགས། ཡོད་ཚད་ལ་སེམས་མིག་འཁོར་ཏེ་ཉོན་མོངས་རྡུལ་གྱིས་མ་སྙོགས་པའི་བྱིས་དུས་ཀྱི་དྭངས་གཙང་འཇིག་རྟེན་ནམ་ཐོག་མའི་བརྩེ་དུང་གི་གནས་མལ་དེར་བསྙེགས་ནས་སོང་།

ཉིན་ཞིག་རིག་འཛིན་ཁྱིམ་གྱི་དོན་བྱ་ཞིག་གི་ཚབ་ཏུ་ཁུལ་ཐོག་ལ་འགྲོ་དགོས་བྱུང་། ལྷ་མོའང་ཁུལ་ཐོག་ན་ཡོད་པས་ནུབ་ཟས་མཉམ་རོལ་ཏུ་ཇ་རྟའི་གནའ་ལམ་ཞེས་པའི་གསོལ་ཁང་དེར་དུས་གདབ་བྱས། རིག་འཛིན་དེར་འཁྱོལ་ནས་ཅུང་མ་འགོར་བ་ལྷ་མོའང་དེར་ཐོན། མོ་ནི་སྔར་བཞིན་ལུས་གཟུགས་དྲང་ལ་ནུ་ཟུང་མཁྲང་པ། རང་གཤིས་དེ་ངག་ཚིག་འཇམ་པ། བྱད་མདངས་དཀར་ལ་འཛུམ་གྱིས་གང་བ། མིག་ཟུང་ཁྲ་ལ་སྙིང་དུ་སྡུག་པ། མདོར་ན་ལྷ་མོ་ནི་ཁོས་བློས་བསླངས་ཀྱིས་བཞེངས་བའི་ལྷ་མོ་སྟེ། མཁོས་སུ་བབས་པའི་ལང་ཚོའི་མཆོར་ཉམས་ཀྱི་མདའ་མོ་དེས་སླར་ཡང་རིག་འཛིན་གྱི་སེམས་ཀྱི་རི་དྭགས་ལ་ཕོག་པས། ཡུད་ཙམ་ཞིག་ལ་ཁོས་སྐད་ཆ་ཅི་ཞིག་ནས་འགོ་བརྩམ་དགོས་པ་དང་གང་ཞིག་ནས་བཤད་དགོས་པའང་མ་ཤེས་པ་སྨྲ་བརྗོད་ཡོངས་སུ་འགགས་ནས་ལུས། དེ་ལྟར་ནུབ་ཟས་སྦོན་ཏེ་མི་སྨྲ་བའི་རྟུལ་ཞུགས་ལས་བགས་ཀྱིས་གྲོལ་ནས་དུས་ཚོད་གཉིས་ཙམ་ལ་བགྲང་བྱ་བཅུའི་རིང་གི་སོ་སོའི་ལོ་རྒྱུས་དང་སེམས་ཚོར་སེམས་སུ་གློད་དེ་ལུས། དེ་ནས་རིག་འཛིན་གྱིས་ལྷ་མོ་བསེལ་ཏེ་ཁོ་ཚང་གི་སྒོ་ཁར་སླེབས་པ་ན་ཁོ་གཉིས་ད་དུང་ཡང་བརྗོད་མི་ཚར་པའི་སྙིང་གཏམ་མོད་པོ་ཞིག་གིས་རླངས་འཁོར་ལས་བབས་མི་འདོད་པའི་བཟོ་ལྟ་མངོན། ཡིན་ནའང་ལྷ་མོས་རང་ཚུགས་ཐུབ་པའི་སྒོ་ནས་མར་འབབ་པའི་ཟོལ་གྱིས་རིག་འཛིན་གྱི་ཕྱོགས་སུ་འཁོར་ཏེ་རྒྱ་སྐད་ཀྱིས་“ང་ད་བུད་འགྲོ་ཀོ ཁྱོས་དལ་མོར་སྐོར།ཁྱིམ་ན་ཐོན་ཚར་དུས་ངར་འབྲེལ་ཤོག ”ཅེས་ངག་འཇམ་ཞིང་མིག་ཟུང་ཉམས་ཀྱིས་ཕྱུག་པའི་སྒོ་ནས་བརྗོད། སྐབས་དེར་རིག་འཛིན་གྱི་སེམས་སུ་ཧ་ཅང་འབྲལ་མི་འདོད་པའི་གཟུགས་མེད་ཀྱི་ཚོར་བ་དེ་ཡོངས་སུ་བྲུབས་རུང་ཁོས་ཀྱང་ཨུ་ཚུགས་མེད་པའི་ངང་ནས་“ ཡ་ཡ། སྔར་ས་ནས་ངལ་གསོ་གྱིས། སང་ཉིན་ཐུག གཉིད་སྐྱིད། ”ཅེས་བརྗོད་དེ་ལྷ་མོ་ནང་དུ་འཛུལ་དབར་དུ་འཁྲེན་སེམས་ཀྱིས་མོའི་རྒྱབ་གཟུགས་ལ་བལྟས་ཏེ་ལུས། དེ་ནས་ཕྱིར་ཁྱིམ་དུ་སྤྲོ་བ་དང་སྐྱོ་བ་འདྲེས་མའི་སེམས་ཚོར་སྒྱེ་གང་ཁྱེར་ནས་ལོག་སྟེ་ཡོང་།

ཕྱི་ཉིན་རིག་འཛིན་དོན་བྱ་དེ་དག་གི་དབང་གིས་མགོ་འཐོམ་འཐོམ་དང་རྐང་འཐེང་འཐེང་དུ་གྱུར་རུང་ལྷ་མོ་ཡིད་མཁར་བསྒོམས་ནས་འདུག བརྩེ་དུང་གི་རྒྱ་རུའམ་དུང་ཞེན་གྱི་བཙོན་དུ་བྲུབ་པའི་ཁོའི་སེམས་པ་གཟུགས་མེད་ཀྱི་ལྕགས་ཀྱུ་རྣོན་པོ་ཞིག་གིས་མོའི་ཕྱོགས་སུ་བཙན་གྱིས་དེད་རུང་། ཁོའི་དོན་བྱ་དེ་དག་ཉིན་དེར་འགྲུབ་དགོས་པས། བར་མཚམས་རེར་ཁ་པར་ལག་ཏུ་བླངས་ཏེ་འཕྲིན་ཐུང་འགའ་སྐུར་བ་ལས་མོའི་གམ་དུ་དངོས་སུ་འགྲོ་ཐབས་བྲལ། དེ་ལྟར་ཉིན་གཅིག་གི་དུས་ཚོད་རྫོགས་ལ་ཉེ་བའི་སྐབས་དེར་ཁོ་གཉིས་སླར་ཡང་འཛོམས་པར་བྱས་ཏེ་ཁོ་བྲེལ་མྱུར་གྱིས་རང་གི་གཅེན་པོར་རྫུན་ཚིག་ལུང་བ་གང་བསྒྲིགས་ནས་ལྷ་མོ་དང་མཉམ་དུ་རྒྱ་ཁོག་སྦོན་ས་དེར་བསྐྱོད་དེ་སོང་། དེའི་རྒོངས་ནི་སྔ་ཉིན་ལྟར་མ་ཡིན་པར་ཕན་ཚུན་སེམས་སུ་བརྩེ་དུང་གི་འབྲས་བུ་ཨེན་ཙམ་སྨོན་ཡོད་པས་གཉི་ཀ་རྒྱུས་ཡོད་ནང་གི་རྒྱུས་ཡོད་ལྟར་གྱུར་ནས་འདུག མ་གཞི་བགྲང་བྱ་བཅུའི་སྔོན་ནས་རིག་འཛིན་གྱི་སེམས་ཀྱི་ཆོམ་རྐུན་དང་ཐོག་མའི་འཁྲེང་སེམས་ཀྱི་ཕུད་ཀྱང་ཕུལ་ས་ལྷ་མོར་ཡིན་པས། ལྷག་ཏུ་སེམས་ཐག་ཉེ་རུ་ཕྱིན་ཏོ།། དེ་ལྟར་ཉོད་པ་སྦོན་བཞིན་སྦ་གསང་དང་རེ་དོགས་མེད་པ། གནས་བབས་དང་མཐར་ཐུག་གླེང་བ། རྩེད་མཚར་དང་སྙིང་གཏམ་གློད་དེ་ཐུང་སྣང་གི་ཡུན་ཙམ་ཞིག་ལས་མེད་པར་མཚན་གྱི་གུང་སླེབས་ལ་ཉེ། མ་གཞི་དུས་ཚོད་ཀྱི་མདའ་རྩེ་སུས་ཀྱང་བཀག་ཏུ་མེད་མོད་ལྷག་ཏུ་ཁོ་གཉིས་ནི་དུངས་སེམས་ཀྱི་ཀོ་གྲུ་བཞུགས་ཏེ་བརྩེ་དུང་གི་རྒྱ་མཚོར་བརྒལ་བཞིན་ཡོད་པས་དེ་བས་ཀྱང་མ་ནུས། སྐབས་དེར་རིག་འཛིན་གྱིས་“བརྩེ་བ་ཡོད་ཚད་ཀྱི་རྨང་ཆགས་ས་དང་འགོ་འཛིན་ས། དུང་བ་ཡོད་ཚད་ཀྱི་གཞུང་རྟ་སྨིན་ས་དང་ཡལ་འདབ་རྒྱས་སའང་ཁྱོད་ཡིན”ཞེས་བསྟན་མ་མྱོང་བའི་སེམས་པ་དང་བླངས་མ་མྱོང་བའི་མཛའ་གཞས་ཡོད་ཚད་མོར་ཕུལ་ཏེ་རྣམ་དག་གི་སེམས་དེ་མཚོན་པར་བྱས། ལྷ་མོས་ཀྱང་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིས་སེམས་གཏམ་གསོང་པོར་བརྗོད་དེ་དུང་སེམས་ཀྱི་མདུད་པ་སོ་མ་དེ་ཕན་ཚུན་སྙིང་དུ་རྒྱག དེ་ནས་རིག་འཛིན་གྱིས་ལྷ་མོ་སྒོ་ཁར་བསེལ་མ་བྱས། དེ་ནུབ་ཁོ་གཉིས་ཀའི་ཐོབ་དཔང་ཁྱེར་མེད་ཅིང་དུས་ཚོད་ཀྱང་ནམ་ཕྱེད་ཡོལ་བས་གཞན་གང་ལའང་འདུག་ཐབས་བྲལ། ལྷ་མོ་རླངས་འཁོར་ལས་མ་འབབ་པའི་གོང་ལ་ཁོས་སྔར་ལྟར་གྱེས་ན་མི་འདོད་དེ་སྙིང་སྟོབས་དང་སྤོབས་པས་རང་སེམས་སྐུལ་ཏེ་ཅམ་གྱིས་མོའི་འཇམ་གཉེན་གྱི་ལག་པར་འཇུས་དུས། སོ་སོའི་མིག་མདངས་ལས་སེམས་ཀྱི་གསང་བ་རྟོགས་པས་མ་བསྐུལ་དང་བླངས་ཀྱིས་དལ་བུར་ཕན་ཚུན་སྐེར་འཇུས་ཏེ་མཆུ་སྦྱོར་གྱི་སྔོན་འགྲོའི་བདེ་བར་རོལ། རིག་འཛིན་གྱི་ཤ་དང་རུས་པ། སྙིང་དང་གློ་བའི་ནང་བྱིངས་ལ་སྨྲ་བརྗོད་ལས་འདས་པའི་ཚོར་རེག་གིས་ཟིན་ཏེ། ཁོས་མཐར་གྱིས་ལྷ་མོའི་ཧ་ཅང་སྙི་བའི་ཆུ་སོའི་ཡན་ལ་ཉེད་པ་བྱས་པས་མོ་ལྷག་ཏུ་ཡིད་སྲུབས་ཀྱི་ཀུན་ནས་བསླངས་ཏེ་མི་བཟོད་པའི་ཁུས་བཏབ་ནས་ཁོ་གཉིས་དངོས་གཞི་བདེ་སྦྱོར་གྱི་དཔལ་ལ་སྙེགས།

སྐབས་དེར་རིག་འཛིན་གྱི་ཁ་པར་འབོད་བརྡ་གྲགས་ཏེ་ཁོས་ཚབ་ཚུབ་ངང་ཉན་དུས་“ཝེ གང་ན་ཡོད། ངེད་ཚོ་ཉལ་འཇོག་ནི་ཡིན་ཀོ ཁྱོད་ཀྱང་འགོར་ཁུ་མ་འཇུག”ཅེས་བཤད།དེ་ནི་ཁོའི་གཅེན་པོ་རེད།

དེ་ལྟར་ཁོ་གཉིས་སེམས་དང་སེམས་ཀྱི་དབར་ཐག་ཉེ་རུ་ཕྱིན་ཏེ་ཡིད་ཆེས་ཚིག་གི་མེ་ཏོག་དྲན་ངོགས་སུ་བཞད་པས་རིག་འཛིན་གྱིས་སླར་ཡང་ལས་དབང་ལ་ཡིད་ཆེས་དང་བརྩེ་དུང་ལ་མགོ་སྒུར་བྱེད་དགོས་བྱུང་། ཉིན་གསུམ་གྱི་རྗེས་ནས་སྔོན་གྱི་དུས་ཆད་ལྟར་རིག་འཛིན་སྔོན་ནས་ལངས་ཏེ་སློབ་གྲྭར་ཕྱིན་པའི་སུབ་བཀྱིགས་ཚགས་སུ་ཚུད་པ་བྱས་ནས་དྲིན་ཆེ་བའི་ཡབ་ཡུམ་གཉིས་ལ་བདེ་མོའི་གྱེས་ཕྱག་ཕུལ་སྟེ་སྤྱི་ལེ་བཅུ་ཕྲག་གསུམ་ལྷག་ཙམ་དུ་ཕྱིན་ཏེ་ཞིང་ཆེན་དུ་བགྲོད་པའི་མྱུར་ལམ་ངོགས་ཀྱི་སྐབས་སྡོད་ས་ཚུགས་ནས་ལྷ་མོར་ངང་སྒུག་བྱས། སྐབས་དེར་ཁ་བ་དང་ལྷག་ངར་ཨེན་ཙམ་རྒོད་རུང་ཁོའི་སེམས་སུ་ལྷ་མོ་སླེབས་ལ་ཉེ་བས་དགའ་སྤྲོའི་སེམས་ཚོར་གནོན་མི་ཐུབ་པ་དེས་ལུས་ཡོངས་སུ་དྲོད་ཀྱིས་དབལ་ཚ་བར་གྱུར། ཅུང་མ་མགོར་བ་ལྷ་མོ་ཡང་དབལ་གསུམ་རྟགས་ཅན་གྱི་ཁྱོགས་འཁོར་དཀར་པོ་དེ་སྐོར་ནས་འཁྲིས་སུ་ཕྱིན། མོའི་སྟོད་དུ་བལ་གྱི་ལྭ་རིང་ནག་པོ་ཞིག་དང་སྨད་དུ་རྫི་དོར་སྔོ་ནག་ཅིག་གྱོན་ནས་འདུག བྲེལ་འཚུབ་ཀྱིས་བབས་ཏེ།“ ཅི་ཙམ་སྒུག་དགོས་ཐུབ་ཐལ། འཁྱག་ཨེ་ཐལ། ”ཞེས་རིག་འཛིན་གྱི་དྲུད་སྒམ་དེ་འགྱོག་མ་ཐུབ་རུང་བཙན་གྱིས་ལམ་ཆས་སྒམ་དུ་བཅུག་སྟེ་དེ་ལྟར་ཁོ་གཉིས་ཞིང་ཆེན་དུ་བསྐྱོད་ནས་སོང་། ••••••

༼ གྱིན་འདའ་བ། ༽