国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུའུ་ཧའེ་གྲོང་ཁྱེར་གྱིས་ལི་ཐང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས།

“ནུབ་རྒྱུད་སྔོ་ཚལ་ཤར་རྒྱུད་དུ་སྐྱེལ”ཞེས་པའི་ཚོང་ གཉེར་མངོན་འགྱུར་ཐུབ་རེ་ཡོད།

ཞོགས་པར་མཐོ་སྒང་དུ་འཐོག་མ་ཐག་པའི་ཤིང་ཏོག་དང་སྔོ་ཚལ་གསར་པ་ས་སྲོད་དུས་ཀོང་ཏུང་དང་།ཞང་ཀང་།ཨའོ་མོན་བཅས་ཁུག་ཆེན་ས་ཁུལ་གྱི་གྲོང་མིའི་གསོལ་ལྕོག་ཐོག་སྐྱེལ་གྱིན་ཡོད། བསམ་གྱིས་མི་ཁྱབ་པའི“ནུབ་རྒྱུད་སྔོ་ཚལ་ཤར་རྒྱུད་དུ་སྐྱེལ་བ”འདི་ད་ལོར་མངོན་གྱུར་འགྱུར་བྱུང་བ་རེད།

ཡུན་མི་རིང་བའི་སྔོན་ལ་ཀྲུའུ་ཧའེ་ཞིང་ལས་ཚོད་འཛིན་ཟོག་འགྲེམས་གླིང་ཁུལ་གྱིས་ལི་ཐང་རྫོང་ལ་སྨི་གྲུ་བཞི་མ་ཁྱོན་བསྡོམས600ལ་ཟིན་པའི་འགྲེམས་སྟོན་བྱེད་ས2མཁོ་འདོན་བྱས་ཏེ་ཆེད་དུ་ལི་ཐང་རྫོང་གི་མཐོ་སྒང་གི་ཞིང་ལས་ཁྱད་ཆོས་ཐོན་རྫས་བྲིན་ཚོང་བྱ་རྒྱུར་སྤྱོད་པ་རེད། དེ་དང་ཆབས་ཅིག་ཀྲུའུ་ཧའེ་གྲོང་ཁྱེར་དུ་གནས་མཆོག་ལི་ཐང•མཐོ་སྒང་གི་ཤིང་འབྲས་དང་སྔོ་ཚལ་ཞེས་པའི་མཐོ་སྒང་གི་ཞིང་ལས་ཁྱད་ཆོས་ཐོན་རྫསO2Oཉམས་ལེན་ཚོང་ཁང་བཙུགས་ཡོད། དེས་ཀྲུའུ་ཧའེ་གྲོང་མིར་མཐོ་སྒང་གི་ཐོན་རྫས་མྱོང་རོལ་བྱེད་སའི་སྐར་ཁུང་ཞིག་ཕྱེས་པ་རེད།

དེང་རབས་ཀྱི་ཞིང་ལས་གླིང་ཁུལ་འཛུགས་

སྐྲུན་བྱེད་པར་རོགས་སྐྱོར་བྱས།

2015ལོར་ཀྲུའུ་ཧའེ་གྲོང་ཁྱེར་གྱིས་ལི་ཐང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། ཀྲུའུ་ཧའེ་དང་ལི་ཐང་དབར་རོགས་སྐྱོར་མཉམ་ལས་ཀྱི་འབྲེལ་ཟམ་བཙུགས་ཡོད།

2019ལོར། ཀྲུའུ་ཧའེ་གྲོང་ཁྱེར་གྱིས་མཐོ་སྒང་གི་ས་རྒྱུ་དྭངས་གཙང་དང་མཁའ་རླུང་གཙང་བ། ཆུ་གཙང་མ་བཅས་ཀྱི་ཐོན་ཁུངས་ལེགས་ཆ་བེད་སྤྱད་གང་ལེགས་བྱས་ནས“ཐོན་ལས་དབུལ་སྐྱོར”ཞེས་པས་ཁྲིད་ཕྱོགས་བྱས་ནས“གཙོ་ཁྲིད་ཐོན་ལས་”གསོ་སྐྱོང་དང་རྒྱ་སྐྱེད་གཏང་རྒྱུར་དམ་འཛིན་བྱེད་སར་བྱས་ཏེ་མཐོ་སྒང་གི་ཤིང་ཏོག་དང་སྔོ་ཚལ་ཞེས་པའི་ཁྱད་རྟགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་ཞང་ཀང་། ཨའོ་མོན། ཐའེ་ཝན་བཅས་དང་མཚོ་རྒྱུད་ཀྱི་ཚོང་རར་ཁ་ཕྱོགས་པ། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི3340བཏང་ནས་ལི་ཐང་དུ“ལི་ཐང་ནས་ཀྲུའུ་ཧའེ་བར་གྱི་དེང་རབས་ཞིང་ལས་གླིང་ཁུལ”འཛུགས་རོགས་བྱས་པ་རེད། ད་ལོའི་སྤྱི་ཟླ3པར་གླིང་ཁུལ་དེ་སི་ཁྲོན་ཞིང་ཆེན་གྱིས་སྐར་མ་བཞི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་དུ་བདམས་པ་དང་། སྤྱི་ཟླ4པར། ཞིང་ལས་པུའུ་ཡིས“དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་འགྲེམས་སྟོན་རྟེན་གཞིར”གཏན་འཁེལ་བྱས་ནས་ས་གནས་དེ་གའི་ཐོན་ལས་དབུལ་ཐར་འགག་སྒྲོལ་གྱི་གཙོ་ཤུགས་དང་སྐུལ་འདེད་གཏང་ཡས་སུ་གྱུར། ལི་ཐང་རྫོང་ཨུའི་རྒྱུན་ཨུ། རྫོང་དཔོན་གཞོན་པའི་གནས་སྦྱར་འགན་ཁུར་བཞིན་ཡོད་པའི་ཀྲུའུ་ཧའེ་གྲོང་ཁྱེར་འཚུབ་བསྟུན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་པེ་ཏའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལི་ཐང་ནས་ཀྲུའུ་ཧའེ་བར་གྱི་དེང་རབས་ཞིང་ལས་གླིང་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱ་ཆེད། ལི་ཐང་རྫོང་གིས་སྟོབས་ཤུགས་སྡེབ་སྒྲིག་བྱས་ཏེ“སྤྱི་འདོམས་དོ་དམ་གཞུང་དོན་ཁང”བཙུགས་ནས་རོགས་སྐྱོར་ལས་གཞིའི་མ་དངུལ་དོ་དམ་དང་ལྟ་སྐུལ་བྱེད་འགན་འཁུར་ནས་ཐོན་རྫས་ཕྱིར་ཚོང་དང་དྲིལ་བསྒྲགས་འོས་སྦྱོར་བྱས། མིག་སྔར་གླིང་ཁུལ་དུ་སྣེ་འདྲེན་ཁེ་ལས6ནང་འདྲེན་བྱས་པ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང24གསོ་སྐྱོང་བྱས་ཤིང་། ཞིང་ལས་འཕྲུལ་ཆས་མཉམ་འབྲེལ་ཁང1དང་། གླིང་ཁུལ་གྱིས་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི1.2དང་རྩྭ་ཐང་མུའུ་ཁྲི8བརྒྱུད་བཤུག་བྱས་ཡོད།

ས་ཁོངས་ཀྱི་ལེགས་ཆ་དང་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་“ས་ལུད་དང་། ཆུ། འོད”བཅས་ཀྱི་གནམ་གཤིས་ཐོན་ཁུངས་ལ་བརྟེན་ནས། གླིང་ཁུལ་དེས“མཐོ་སྒང་གི་ཤིང་འབྲས་དང་སྔོ་ཚལ”དང“ལི་ཐང་གནག་ཕྱུགས”གཙོ་ཁྲིད་ཐོན་ལས་ལ་གཙོ་གནད་ཐོག་གསོ་སྐྱོང་བྱ་རྒྱུ་གཏན་འཁེལ་བྱས་པ་རེད། དེའི་ནང་ལ་ཕུག་དཀར་པོའི་ལོའི་ཐོན་ཚད་ཏུན་ཁྲི5ཙམ་བྱུང་བ་དང་ཐོན་རྫས་དེ་དག་ཁྲེང་ཏུའུ་དང་ཁྲུང་ཆིང་། ཀོང་ཏུང་། ཤང་ཀང་། ཨའོ་མོན་བཅས་ཁུག་ཆེན་ས་ཁུལ་དུ་བྲིན་ཁ་རྒྱུག་པ་དང་། མཐོ་སྒང་གི་ཀྲོ་མ་ཀྲུ་དང་། ཤིས་ཀྭ། དབྱར་ཁའི་འབྲི་ཏ་ས་འཛིན་བཅས་ཀྱི་ལོ་རེའི་ཐོན་ཚད་རྒྱ་མ་ཁྲི120ཡོད་པ་དེ་ཧའོ་མ་ཞན་ཧྲེང་དང་དབྱི་ཐེང་དབྱང་ཧྭ་ཐང་ཕྱིར་ཚོང་ཀུང་སི་བརྒྱུད་ནས་ཁྲེང་ཏུའུ་དང་།ཀོང་ཀྲོའུ།ཀྲུའུ་ཧའེ་སོགས་ཁྲོམ་ར་རྩེ་གྲ་ལ་བསྐྱལ་བ་རེད། རིམ་བརྩིས་བྱས་ན་ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི20000ཙམ་མངོན་འགྱུར་བྱུང་ཡོད། ལི་ཐང་རྫོང་གིས་ཕྱིར་གཏོང་སྔོ་ཚལ་རྟེན་གཞི་མུའུ2367བཙུགས་ནས་ཞིང་ཆེན་དེས་ཤང་ཀང་དང་། ཨའོ་མོན། ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་དུ་མཁོ་འདོན་བྱེད་པའི“ཕྱིར་གཏོང་སྔོ་ཚལ་འདེབས་འཛུགས་དང་ལས་སྣོན”གྱི་ཐོ་འགོད་གྲ་སྒྲིག་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

ལི་ཐང་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད།

ལོ་ལྔའི་རིང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བར་བརྒྱུད་ལི་ཐང་རྫོང་དུ་དབུལ་པོ་བྱུང་ཚད2014ལོའི་ལོ་མཇུག་གི་བརྒྱ་ཆ38.1ནས2019ལོའི་བརྒྱ་ཆ0.8བར་ཆག་ཡོད་པ་རེད། དེ་ནས2020ལོའི་ཟླ2པར་ལི་ཐང་རྫོང་དབུལ་སྒྲོལ་ཐུབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུའུ་ཧའེ་གྲོང་ཁྱེར་གྱིས་ས་གནས་དེ་གར་རྣམ་པ་སྣ་ཚོགས་ཀྱི་འཛད་སྤྱོད་དབུལ་སྐྱོར་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། མ་འཇོག་བྱས་ནས་གྲང་ཉར་ཟོག་འགྲེམས་ཐོན་ལས་དབུལ་སྐྱོར་ལས་གཞི་འཛུགས་སྐྲུན་བྱས་པ་དང་ཀྲུའུ་ཧའེ་རུ་དཀར་མཛེས་ཁུལ་གྱི་རིག་གནས་ཉམས་ལེན་གླིང་འཛུགས་སྐྲུན་དང་གཉེར་སྐྱོང་། “གནས་མཆོག་ལི་ཐང•མཐོ་གྲོང་གི་ཤིང་ཏོག་དང་སྔོ་ཚལ”ཞེས་པའི་མཐོ་སྒང་གི་ཞིང་ལས་ཁྱད་ཆོས་ཐོན་རྫསO2Oཉམས་མྱོང་ཚོང་ཁང་བཙུགས་པ། ལི་ཐང་རྫོང་གི་ཁེ་ལས(ཆེད་ལས་མཉམ་ལས་ཁང་)སྒྲིག་འཛུགས་བཅས་བྱས་ནས་ཀྲུའུ་ཧའེ་གྲོང་ཁྱེར་དུ་ཞིང་ལས་ཁྱད་ཆོས་ཐོན་རྫས་འགྲེམས་ཚོང་ནང་ཞུགས་པ་སོགས་ཀྱི་རྣམ་པ་ཕུད། ཀྲུའུ་ཧའེ་གྲོང་ཁྱེར་གྱིས་ད་དུང་ཚོང་འགུགས་དངུལ་འདྲེན་གྱི་ལས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཀྲུའུ་ཧའེ་ཧུའེ་ཡུས་སྨན་བཅོས་ཚན་རྩལ་སྤྱི་གཉེར་ཁང་གིས་ལི་ཐང་དུ་མ་འཇོག་བྱས་ནས་མཐོ་སྒང་དུ་གསོ་རླུང་བཟོ་བའི་རྣམ་གྲངས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་རྣམ་གྲངས་དེ2020ལོའི་ཟླ5པར་སྐྲུན་འགོ་ཚུགས་པ་དང་ཟླ9པར་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུའི་འཆར་གཞི་ཡོད།

དམངས་འཚོའི་རྣམ་གྲངས་ཐད་ལ་ཀྲུའུ་ཧའེ་གྲོང་ཁྱེར་གྱིས་ཀོང་ཏུང་ཞིང་ཆེན་བརྒྱུད་ནས་ཁ་གཏད་རོགས་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར1.7བཀོད་སྒྲིག་བྱས་ནས་རྣམ་གྲངས44ལག་བསྟར་བྱས་པ་རེད། གཙོ་བོར་སློབ་གྲྭ་དང་བྱིས་གསོ་ཁང་།ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བཅས་འཛུགས་སྐྲུན་བྱེད་པ དང་། སློབ་ཁྲིད་སྒྲིག་བཀོད་དང་སྒྲིག་ཆས། གཞི་རིམ་ཏང་ཡོན་གྱི་རྒྱང་རིང་སློབ་གསོའི་སྒྲིག་བཀོད་ཉོ་སྒྲུབ་སོགས་ལ་སྤྱོད་པ་རེད། གཞན་ཡང་འཐུང་ཆུ་གཙང་མ་མཐོར་འདེགས་ལས་གྲྭ་དང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན། དེ་བཞིན་གྲོང་ཚོའི་རྣམ་པ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་པ། ས་གནས་དེ་གའི་བཟང་ཆ་ལྡན་པའི་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་པ་རེད།

(ལྷ་འཛོམས་ཀྱིས་བསྒྱུར།)