国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཆ་འཕྲིན་འཕྲིན་གཏོང་འཛུགས་སྐྱོང་གིས་རང་ཁུལ་གྱི་འཕེལ་རྒྱས་ ལ་གསོན་ཤུགས་བསྣན།

སྤྱི་ལེ་ཁྲི9.7གྱི་བརྒྱུད་འདྲེན་འོད་སྐུད་དེས་སའི་གོ་ལ་སྐོར་བ2ལས་ལྷག་པ་བརྒྱབ་ཐུབ་ལ། འཕྲིན་གཏོང་སྦྲེལ་ཚུགས10403དེ་མཐོ་སྒང་གི་གངས་རི་དང་འགྲན་ཟླ་ཡང་བྱེད་ཐུབ། གནད་སྨིན་གྱི་གྲོང་ཚོ་དབུལ་པོ1360ཡི་འཕྲིན་གཏོང་བརྡ་རྟགས་ཡག་པོ་ཡོད་པ་སོགས་གྲངས་གཞི་རེ་རེ་ལས་རང་ཁུལ་གྱི་ཆ་འཕྲིན་འཕྲིན་གཏོང་འཛུགས་སྐྱོང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་ཡོད།

སྔ་མར་རང་ཁུལ་གྱི་འཕྲིན་གཏོང་རྨང་གཞིའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཐད་ལ་མ་དངུལ་གཏང་རྒྱུ་མི་འདང་བ་དང་། ཞབས་ཞུ་འདོན་སྤྲོད་བྱེད་ནུས་ཞན་ལ། ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་ཀྱི་མྱུར་ཚད་དལ་ཞིང་། ཆ་འཕྲིན་ཅན་འཛུགས་སྐྱོང་གིས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ཆ་འཕྲིན་དགོས་མཁོ་སྐོང་ཐུབ་ཀྱི་མེད་པས་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་ཚོད་འཛིན་ཆེན་པོ་ཐེབས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད།

2016ལོ་ནས་བཟུང་རང་ཁུལ་གྱིས་ཆ་འཕྲིན་འཕྲིན་གཏོང་འཛུགས་སྐྱོང་གི་འགག་སྒྲོལ་ཆེན་པོ་བྱས་ནས་ཁུལ་ཡོངས་ཀྱི“སྲིད་འཛིན་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་ཚད་བརྒྱ་ཆ100ལ་ཟིན་པ་དང་སྲིད་འཛིན་གྲོང་ཚོར4Gདྲ་རྒྱ་ཁྱབ་ཚད་བརྒྱ་ཆ100ལ་ཟིན་ཡོད། གཙོ་གནད་ལམ་རྒྱུད་དུ་སྐུད་མེད་དྲྭ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ”བཅས་ཀྱི་དམིགས་ཚད་ཆེན་པོ་གསུམ་ལ་དམིགས་ནས“སྲིད་འཛིན་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་པ་དང་སྲིད་འཛིན་གྲོང་ཚོར4Gཤར་གཏོང་ཐུབ་པ། ཤིན་ཏུ་དབུལ་ཕོངས་རྫོང་གི་གཙོ་གནད་འགྲོ་ལམ་དུ་སྐུད་མེད་དྲ་བ་ཁྱབ་པ”བཅས་ཀྱི་ཨར་ལས་ཆེན་པོ་གསུམ་སྤེལ་བ་རེད། གོང་རིམ་གྱི་ཁ་གསབ་མ་དངུལ་དང་ཁུལ་རིམ་པས་རང་གྲབས་མ་དངུལ་སྒོར་དུང་ཕྱུར21ལ་བརྩོན་ལེན་བྱས་པར་བརྒྱུད་ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ཁྱབ་མེད་པའི་ས་ཆ་མེད་པར་བཟོ་བ་དང་། ཆ་འཕྲིན“ཐོགས་འགག”མེད་པར་བཟོ་བ། གྲོང་ཁྱེར་དང་གྲོང་སྡེའི་བར་གྱི“གྲངས་གཞིའི་འགལ་རྐྱེན”མེད་པར་བཟོ་བ་བཅས་བྱས་ཡོད།

ཕྱར་བ་གྲུ་འདེགས་ཀྱིས་འགག་སྒྲོལ་བྱས་པར་བརྒྱུད། འཕྲིན་གཏོང་སྦྲེལ་ཚུགས10403བསྐྲུན་ནས་འོད་སྐུད་སྤྱི་ལེ་ཁྲི9.7བརྒྱུད་གཏོང་བྱས་པ་དང་། སྲིད་འཛིན་གྲོང་ཚོར་འོད་སྐུད་དྲྭ་ཆེན་ཤར་གཏོང་ཐུབ་ཚད་བརྒྱ་ཆ100ལ་ཟིན་ཡོད། སྲིད་འཛིན་གྲོང་ཚོར་འཁྱེར་འཕྲིན་ཁྱབ་ཚད་བརྒྱ་ཆ100ལ་ཟིན་པ་དང་། གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི18.2492ལ་ཟིན་ནས་གཏན་འཇགས་ཁ་པར་ཁྱབ་ཚད་བརྒྱ་ཆ66.27ལ་ཟིན་ཡོད། ལག་ཁྱེར་ཁ་པར་སྤྱོད་མཁན་དུད་ཚང་ཁྲི93.9858ཡོད་ཅིང་། ལག་ཁྱེར་ཁ་པར་ཁྱབ་ཚད་བརྒྱ་ཆ77.39ལ་ཟིན་ཡོད། གཏན་འཇགས་འབྲེལ་དྲྭ་སྤྱོད་མཁན་ཁྱིམ་དུད་ཁྲི25.1502ལ་ཟིན་ཞིང་། འཁྱེར་འཕྲིན་འབྲེལ་དྲྭ་སྤྱོད་མཁན་ཁྲི75.6976ལ་ཟིན་ཞིང་འབྲེལ་དྲྭ་ཁྱབ་ཚད་བརྒྱ་ཆ65.26ལ་ཟིན་ཡོད། རང་ཁུལ་ཕྱོགས་ཡོངས་ནས“འོད་སྐུད་དང་དྲྭ་རྒྱ་ཡོངས་སུ་ཁྱབ་པའི”དུས་རབས་སུ་སླེབས་ཤིང་། རང་ཁུལ་ཞིང་ཆེན་ཡོངས་ཀྱི“འོད་སྐུད་སྤྱོད་པ་ལས་ཟངས་སྐུད་མི་སྤྱོད་པའི་ལས་ཀ”ལེགས་གྲུབ་ཟིན་པའི་ས་ཁུལ(གྲོང་ཁྱེར)ཁུལ་ཨང་བཞི་པ་རེད། 2019ལོའི་ལོ་མཇུག་བར་དུ་ཁུལ་ནང་དུ་འཕྲིན་གཏོང་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་སྲིད་འཛིན་གྲོང་ཚོ2085ཡི་འོད་སྐུད་དྲྭ་ཆེན་གསར་སྐྲུན་དང་སྒྱུར་བཀོད་ལེགས་གྲུབ་བྱུང་ནས་གཙོ་གནད་འགྲོ་ལམ330དང་སྲིད་འཛིན་གྲོང་ཚོ923གྱི4Gསྦྲེལ་ཚུགས1493བསྐྲུན་ཡོད། 《དཀར་མཛེས་ཁུལ་གྱི་འཕྲིན་གཏོང་དང་ཆ་འཕྲིན་ཅན་འཛུགས་སྐྱོང་གི2017ལོ་ནས2019ལོའི་བར་གྱི་ལོ་གསུམ་གྱི་འགག་སྒྲོལ་ལག་བསྟར་ཇུས་གཞི》ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཞིང་ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར4Gཡི་འཕྲིན་གཏོང་བརྡ་རྟགས་ཁྱབ་པ་དང་ཆབས་ཅིག་སྐུད་ཡོད་འོད་སྐུད་ཀྱི་དྲྭ་ཆེན་འབྲེལ་མཐུད་ཀྱི་ནུས་པའང་ལྡན་ཡོད། རྨང་གཞི་དེའི་ཐོག “མྱུར་ཚད་མགྱོགས་སུ་གཏོང་བ་དང་འགྲོ་གྲོན་མར་ཆག་པ”དང“ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་ཁྱབ་གདལ་གཏོང་བ”དུས་མཉམ་དུ་སྤེལ་ནས་དྲྭ་རྒྱ་ཡོངས་སུ་ཁྱབ་ཅིང་གྲོང་སྡེའི་དྲྭ་ཐོག་ཚོང་དོན་དང་། དྲྭ་ཐོག་རིག་སྐྱོར། ཆ་འཕྲིན་ཞབས་ཞུ། དྲྭ་ཐོག་སྤྱི་ཕན་བཅས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་གྲོང་གསེབ་ལ་གྲོང་ཁྱེར་དང་གཅིག་མཚུངས་ཀྱི་ཆ་འཕྲིན་ཞབས་ཞུ་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་ཞིང་། ཆ་འཕྲིན་ཅན་གྱི་ལྡབ་འཕར་དང་ཇེ་ཆེར་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་དབུལ་ཕོངས་ལ་སྤྱོད་ཆོག་པ་དང་། སྤྱོད་ཐུབ་པ། བེད་སྤྱོད་ལེགས་པ་བཅས་ཀྱི་ཆ་འཕྲིན་དྲ་བ་ཞབས་ཞུ་མཁོ་འདོན་བྱེད་པ་དང་། དབུལ་ཕོངས་ས་ཁུལ་དུ་འབྲེལ་དྲྭ་དང་ཆ་འཕྲིན་ཅན་ལ་བརྟེན་ནས་རང་ཁུལ་ལ་དུས་བཀག་ལྟར་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་འཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཤུགས་འདོན་རོགས་བྱས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱ་ཆེད་རྒྱུན་ཆད་མེད་པར“ཆ་འཕྲིན་སྒུལ་ནུས་”བཏོན་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)