སྒང་བ་བོད་ནས་སྔ་མོ་གྱེས་ཀྱང་།།
ལོ་རྒྱུས་གླེགས་བུར་ད་རུང་བཞུགས་པའི།།
མཛད་འཕྲིན་ཡངས་པོ་ནམ་མཁའི་ཁ་ཞེང་།།
གསེར་ཁྲི་ནོན་པའི་བཅུ་གསུམ་བུ་ཆུང་།།
དབྱངས་གསལ་བུ་ཆུང་སྨྱུག་ཁར་འཕག་པས།།
རྨོངས་པའི་རྡུལ་ཚོགས་འཚུབ་བེར་ཐོར་ཞིང་།།
ཆོས་ཀྱི་བསིལ་རླུང་གངས་ལ་གཡུགས་པས།།
རྒོད་གཤིས་ཡལ་གར་མཉེན་ཆ་ཐོན་སོང་།།
མི་ལོ་སྟོང་ཕྲག་ཕྱིན་པའི་རྒྱབ་ཏུ།།
ངལ་བརྒྱས་བསགས་པའི་ཁྱོད་རང་ཤུལ་བཞག།
གཅེས་དགུའི་ལུས་རྟེན་ཕོགས་ཀྱིས་འཚོ་སླད།།
ཆེ་དགུ་མཉེས་པའི་རྫོངས་སྟར་བྱིན་འདུག།
གདུག་སེམས་འཆང་བའི་ནོར་གྱི་རྐྱལ་བ།།
ཕྱི་བལྟས་སྣང་ངོའི་བྱམས་མདོག་ཁ་བོས།།
ངན་དགུ་བྱས་པའི་ལག་ལེན་ཁྲོད་ནས།།
ཉིད་ཀྱི་བུ་ཚའི་སྐད་ལུགས་འགྱུར་བཞག།
མ་རྒྱུད་གཅིག་པའི་གཡང་གི་པང་པ།།
ཕ་རུས་དཀར་བོའི་གོ་ཁའི་ནང་ནས།།
ལང་ཚོའི་ཆ་རྫོགས་བཙན་པོའི་རྒྱུད་པས།།
མེས་པའི་དཔའ་མཛངས་སྙིང་ནས་དྲན་འོང་།།
༼ ལུག་རྫི། ༽
