国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འུ་གཉིས་ལག་རྡང་སྦྲེལ་ལ་ ཆར་ཟིམ་ཁྲོད་དུ་འགྲོ།

༼ ཞར་བཀོད་གསུམ། ༽

ང་རང་རྟག་ཏུ་ཕྱིར་དྲན་རབ་རིབ་ཀྱི་སྨུག་ལོང་

ཁྲོད་དུ་འཕྱན་པའི་ཡུ་མོ་དེ་མིན་ཡང་།

ང་ནི་ཆག་གྲུམ་ཤོར་བའི་བརྩེ་དུང་སྒྲུག་མཁན་གྱི་

བུས་པ་དེ་ཅིས་ཀྱང་ཡིན་སྲིད།

མཛེས་སྡུག་གི་གཏམ་རྒྱུད་ཡོད་ཚད་ཀྱི་མཇུག་ཏུ་

མི་སྡུག་པའི་རྫོགས་ཚིག་འགོད་དགོས་པ།

ངས་སྔ་མོ་ནས་ཚོར་ཡོད་མོད།

ང་རང་གཏན་དུ་ཁྱོད་དང་ལྷན་དུ་མུ་མཐུད་

དུ་མཛེས་སྡུག་གི་ནོར་འཁྲུལ་དེ་བཟོ་བར་

ཤིན་ཏུ་སྤྲོ།

ཡོད་ཚད་ཀྱི་ཡོད་ཚད་ལོ་ཟླས་རྨེག་མེད་དུ་གཏོང་ནུས་

ན་རེ་ཞིག་འུ་གཉིས་ཀྱིས་ལས་ཀྱི་བཀོད་པ་དང་

མ་འོངས་པའི་འདུན་མ་མི་གླེང་བར་བྱའོ།།

འུ་གཉིས་ཀྱིས་སྡིག་སྒྲིབ་ལྕི་ཞིང་གཡོ་ཟོལ་རྒོད་པའི་

འཚོ་བའི་རལ་གྲིའི་ངོ་ཁ་ནས་ལྷན་དུ་ལག་རྡང་

སྦྲེལ་ཏེ་རྐང་བྲོ་འཁྲབ་པར་བྱའོ།།

ད་ནི་སྤྱན་ཟུང་གཞན་དུ་མི་བགྲད་རོགས།

ཐོས་འཛིན་གཞན་ལ་མ་གཡོར་ཨང་།

ཁྱོད་ཀྱི་སྙིང་རྩ་ནས་སྐྱེས་པའི་གཉུག་གཤིས་ཀྱི་མེ་ཏོག་

གློ་ཁ་དེ།

བློ་དཀར་གྱི་སྙིམ་པར་བཟུང་ནས་ང་ལ་སྟེར་རོགས།

འུ་གཉིས་འཆིང་ཞགས་ལས་ཐར་ཏེ་སྟོང་བསམ་

གྱི་ཡུལ་ལྗོངས་དེ་བསྙེག་འོས།

མཐའ་མེད་པའི་སྐྱོ་གདུང་གི་འཇིངས་སུ་ལྷུང་།

ཉི་འོད་ལ་དགའ་བའི་མིའི་རིགས་ཀྱི་མདུན་ནས་

མུན་པར་གོམས་པའི་འུག་པ་ནི་ཅིས་ཀྱང་མི་སྡུག་པ་

ཞིག་གོ།

དེའི་མཛེས་སྡུག་གི་ཆ་ལ་ལྟ་བའི་མིག་ཟུང་ཡང་ཀུན་

ནས་ལྡོངས་སོ།།

དེའི་བདེ་སྡུག་ལ་ཁ་ཡ་བྱེད་པ་ནི་བླུན་པོའི་ལས་

འབའ་ཞིག་གོ།

དེ་ལྟ་ནའང་།

སྐྱོ་གདུང་གི་འཇིངས་སུ་ལྷུང་བའི་མི་ཁོ་ནས་

ཉིན་དཀར་གྱི་ཚུལ་འཆོས་ཀྱི་ངོ་གདོང་ལ་ཞེན་པ་

ལོག་པའི་མི་ཁོ་ནས་ཁྱོད་ལ་སྨོན་པ་འཆོར་སྲིད།

ཁྱོད་དང་ཁོའི་ལས་དབང་དེ་འདྲའི་ཉམ་ང་བ་ཞིག་ཡིན་པས།

ཉི་འོད་འོག་གི་བྱ་དངོས་མཐའ་དག།

ཁྱོད་གཉིས་ཀྱིས་མིག་འཕྲུལ་དུ་འཇུག་བྱེད་ཀྱི་

སྒྱུ་འཕྲུལ་ཤ་སྟག་ཏུ་སྒོམ་དགོས་བྱུང་།

གང་ལྟར་ཁྱོད་གཉིས་མུན་པ་ལ་གོམས་པར་གྱུར་པའི་

གོ་རིམ་ཡོད་ཚད།

ཁྱོད་གཉིས་ཀྱིས་མ་གཏོགས་སུ་ཡིས་མཐོང་སྲིད།

ཡང་སུ་ཡིས་བཟོད་སྒོམ་བྱ་སྲིད།

ཁྱོད་ལ་འཁང་ར་བྱས་པ།

ཁྱོད་ཀྱི་སྐྱེད་ཚལ་དུ་ཨུག་ཆོས་དཀར་དམར་མེད་དོན་ཅི།

ཁྱོད་ཀྱིས་ཅིའི་ཕྱིར་ངའི་རྣམ་ཤེས་ཀྱི་རྟ་ཕོ་ཁྲིད་རྗེས།

གནས་ངེས་མེད་ཅིག་ཏུ་བཏང་དོན་ཅི།

ཡང་ན། མཐོང་དུ་མེད་པའི་རྣོ་དབལ་གྱི་རལ་གྲི་ཞིག་

གིས་ངའི་ལུས་སེམས་ཚལ་བ་སྟོང་དུ་བཏང་ཡང་།

ཁྱོད་ཀྱིས་ང་ལ་ད་དུང་ཚོར་དུ་མི་འཇུག་དོན་ཅི།

ད་དུང་ཁྱོད་ཀྱིས་ངའི་དགའ་སྐྱོའི་ཚོར་འདུ་མ་

ལུས་མཐའ་གཅིག་ཏུ་ཚོད་འཛིན་བགྱིས་

ཏེ་མུན་པའི་གཏིང་མཐར་འདེད་

རྩིས་ཅི་ལ་བྱེད།

ཁྱོད་ཀྱིས་ཤོད་དང་།

ང་རང་ནག་ཉེས་ཀྱི་ཕུང་བོར་གྱུར་པ་ཡིན་ནམ།

ང་ལ་མནར་གཅོད་གཏོང་སྟངས་དེ་ནི་ཅི་འདྲའི་ཡ་ང་

བ་ལའང་།

ང་རང་ཁྱོད་ཀྱི་གྲིབ་གཟུགས་ཁྲོད་ན་གསོན་ཡོད།

ཁྱོད་དང་རྒྱང་དུ་བཀྱེད་འདོད་ཀྱི་སེམས་པ་འདི།

སྔར་བཞིན་ཁྱོད་ཀྱི་ཡོད་ཚད་ལ་དགའ།

ཡིན་ནའང་ངས་དེ་ནི་ནག་ཉེས་ཤིག་ཏུ་འདོད་ཡོད།

ཐ་ན་སྲོག་གཅོད་ཀྱི་ཉེས་པ་ཞིག་ཏུ་བསྒོམས་ཡོད།

དེ་ལྟ་ན་འང་། ང་ལ་རང་དབང་ཅི།

གོམས་གཤིས་རིགས་ཤིག་གི་དབང་གིས།

ང་ཡིས་ད་དུང་ཁྱོད་རང་དགའ་བའི་གཞས་དེ་ལ་ཉན།

བཟོད་དུ་མེད་པའི་ན་ཟུག་ཅི་འདྲ་ཆེ་ཡང་།

ད་ལྟ་དེ་ནི་ཁྱོད་དང་འབྲེལ་བ་ཅི་ཞིག་འདུག་ཨང་།

ང་ཡི་མཚན་མོའི་རྨི་ལམ་ལ་དབང་བསྒྱུར་པའི་ཁྱོད་ཨང་།

ང་ད་དུང་ཁྱོད་ཀྱི་གྲིབ་གཟུགས་ཁྲོད་ན་གསོན་ཡོད།

༼ ཆང་གཞོན་ནུ། ༽