国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གདམ་ག་།

ད་ཡང་སྐྱེས་སྟོབས་འབར་བའི་ཟླ་ལྔ་པར་བསླེབས་སོང་། དུས་འདིའི་ནམ་མཁའ་གཡའ་དག་ཅིང་། བསིལ་རླུང་དྲོ་ཞིང་འཇམ་འོས་ཀྱང་། ཟླ་ལྔ་པའི་ཟི་ལིང་ནི་དེ་ལས་ལྡོག་སྟེ། གྲང་རླུང་འུར་འུར་དང་དྲག་ཆར་ཤུར་ཤུར་གྱིས་ཡུལ་འདི་གཙེར་གྱིན་འདུག གྲང་རེག་ལ་སྔངས་པའི་ང་རང་མལ་ཁང་དུ་ཡིབ་ཅིང་། མདུན་གྱི་ཅོག་ཙེ་རུ་བཤམས་པའི་ཕ་མའི་འདྲ་པར་ལ་བལྟས་ནས་ཡོད། ཁུ་སིམ་གྱི་མལ་ཁང་དུ་ང་ལས་མེད་སྟབས། ཕམ་ཁར་གདོང་གཏུག་བྱེད་པའི་ང་། གཏན་དུ་ལྕགས་སྒྲོག་ཏུ་ཚུད་པའི་ང་། རེ་བ་ཇི་སྙེད་ཅིག་ལ་ཨུ་ཚུགས་བྱེད་ཀྱིན་པའི་ང་། མདོར་ན་རང་ཉིད་དམར་རྗེན་མ་ཞིག་དུས་འདིར་མངོན་སུམ་དུ་ཕུད་ཆོག་པས། ངལ་དུབ་དང་སུན་སྣང་རྒྱབ་གང་ལྗིད་ཏིག་གེར་རྒྱང་རིང་ཞིག་ཏུ་འབོགས་ཆོག

དེ་རིང་ཞོགས་པར། མལ་གྲོགས་སོ་སོས་དཔེ་ཁུག་ནང་དུ་སློབ་དེབ་དང་དཔེ་ཆ། ཟིན་བྲིས་སོགས་མང་དུ་ཁུར་ནས་བྲེལ་ཆ་དོད་པོས་དཔེ་མཛོད་ཁང་དང་བོད་རིག་པའི་ཐོག་ཁང་དུ་བུད་སོང་། ངའང་ནམ་རྒྱུན་བོད་རིག་པའི་ཐོག་བརྩེགས་བཞི་བའི་སློབ་ཁང་ཞིག་ཏུ་གཏན་སྡོད་བྱེད་ཀྱིན་ཡོད། སློབ་ཁང་དེ་ནས་ཕུགས་བསམ་གྱི་སྣེ་མོ་དམ་དུ་འཛིན་ཐུབ་ཅིང་དཔེ་ཆའང་གང་མང་ཀློག་ཐུབ་པས་བར་ཆད་དབེན་སའི་གནས་མཆོག་ཡིན་ལ། དེ་ནས་རང་གིས་ཅི་ཞིག་འབྲི་བའམ་ཇི་ལྟར་འབྲི་བ་སོགས་ལ་ཁ་བྱང་གཏན་འཁེལ་བ་ཞིག་མེད་པས། རང་དབང་གི་བཙན་ས་ཞིག་ཀྱང་ཡིན། དུས་འདིར་ཕུགས་བསམ་ཞེས་པའི་ཐ་སྙད་སེམས་སུ་ཐོགས་ཚེ་ཕ་མ་གཉིས་པོའི་འདྲ་པར་ཕྱོགས་སུ་མིག་དབང་ཡང་དུ་གཏད་དགོས་སོང་།

སློབ་སྐབས་འདིར། སློབ་གྲོགས་ཚོས་ཞིབ་འཇུག་གྲ་སྒྲིག་བྱེད་པའང་། ཐད་ཀར་ལས་གནས་སུ་ཞུགས་རྒྱུར་བསམ་བློ་བརྗེ་རེས་བྱེད་ཀྱིན་འདུག སློབ་གྲོགས་ལ་ལས་སྤྱི་ཚོགས་སུ་རྙོག་འཛིང་ཡོད་རབས་དང་ཞིབ་འཇུག་གདོན་ན་དགའ་རབས་གླེང་བ་དང་། ལ་ལས་དེང་སང་དངོས་གཞི་སློབ་མས་མ་ཚད་ཞིབ་འཇུག་སློབ་མས་ཀྱང་ལས་སྣེ་ཟིན་དཀའ་བས་སྔ་ནས་ལས་སུ་ཞུགས་ཏེ་ཕ་མར་དྲིན་གཟོ་དགོས་ཚུལ་བསྙད་ཀྱིན་ཡོད། སློབ་གྲོགས་དེ་ཚོ་ལས་ཚེ་སྒྲོན་ནི་ཁ་ཕྱོགས་གསལ་ཤོས་དེ་ཡིན། མོས་ཡིད་བརྟན་པོ་དང་ཐག་ཆོད་མོས་དཀའ་ཚེགས་ཅི་ཙམ་འཕྲད་ཀྱང་སེམས་ཤུགས་མི་ཀུམ་པར་ཞིབ་འཇུག་སློབ་མར་གྲ་སྒྲིག་བྱེད་རྒྱུ་ཡིན་ཟེར། དོན་དངོས་སུ་མོ་རང་ནི་ཁ་བཤད་དོན་དུ་བབ་ཐུབ་པའི་བུ་མོ་ཡག་མ་ཞིག་ཡིན་འདུག ནམ་རྒྱུན་ཁོམ་པ་ཡོད་ཚེ། མོ་དང་མཉམ་དུ་འགྲོགས་ཀྱིན་ཡོད། ངེད་གཉིས་ལ་དགའ་ཕྱོགས་མཐུན་པ་ཞིག་ཡོད་པ་ནི་སྒྲུང་རྩོམ་དང་ལོ་རྒྱུས་ཀློག་པར་དགའ་བ་དེ་ཡིན། སྒྲུང་རྩོམ་ནང་གི་མི་སྣའི་སྣང་བརྙན་ལས་རང་ཉིད་མངོན་སུམ་ཞིག་བཙལ་ཐུབ་པས་མི་ཚེའི་འགྲོས་ལུགས་སེམས་སུ་བསྟར་ཐུབ་ལ། ལོ་རྒྱུས་ལས་རང་ཉིད་ཀྱང་མཚར་སྡུག་ངོ་མཚར་མངའ་བའི་མི་རིགས་ཤིག་གི་རྗེས་མཇུག་ཡིན་པ་ཤེས་མུར་སེམས་ཤུགས་ཇེ་མཐོ་དང་སྤོབས་པ་ཇེ་ཆེར་བསྟད་ཆོག་པས་ཡིན།

ད་ལྟ། ཚེ་སྒྲོན་གྱིས་ལོ་རྒྱུས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་རྩིས་བྱེད་ཀྱིན་ཡོད་པས། ང་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོད་ཡུལ་དུ་ནང་ཆོས་ཇི་ལྟར་དྲངས་པ་དང་མངའ་ཁོངས་ཀྱི་རྒྱ་ཇི་ལྟར་བསྐྱེད་པ། སྲས་མོ་སད་མ་ཀར་དང་བཙུན་མོ་འབྲི་བཟའ་ཁྲི་མ་ལོད་ཀྱི་ཆབ་སྲིད་ཀྱི་རྣམ་དཔྱོད་དང་བུད་མེད་ཀྱི་ཤེས་མཛངས། འུ་དུམ་བཙན་པོས་ཆོས་བསྣུབས་པས་ལྷ་ལུང་དཔལ་རྡོས་མདའ་འཕངས་ཏེ་ཇི་ལྟར་བཀྲོངས་ཚུལ་སོགས་ཐོགས་མེད་དུ་བསྙད་ཡོང་དུས་ངས་མོ་ལ་ཡིད་སྨོན་ཚད་མེད་ཤོར་འགྲོ། མ་གཞིར། འཚོ་བ་དང་གནས་བབ་དབང་གིས་གོམ་པ་རེ་རེའང་སེམས་ཆུང་དང་ཨུ་ཚུགས་ཀྱིས་སྤོ་དགོས་པའི་ངས་ཕུགས་བསམ་འཚོལ་བའི་སློབ་གྲོགས་ཀུན་ལ་ཡིད་སྨོན་ཚད་མེད་ཤོར་འགྲོ། ཆུ་འཁྱག་དཀར་ཡོལ་རེ་རེ་ནི་འགྱུར་ལྡོག་ཅིག་གི་རྐྱེན་པས་འཐུང་དགོས་པ་འདྲ་ལ་ལྕགས་ཕོར་ཤིག་གི་ཆེད་དུའང་འཐུང་དགོས་པ་འདྲ་བས། ཚེ་སྒྲོན་ངེད་གཉིས་ཀྱི་ལམ་ཡང་གཅིག་ཤར་དང་གཅིག་ནུབ་དུ་འཐེན་དགོས་སོང་།

འདྲ་པར་གྱི་ངོས་སུ་དོད་པའི་ཕ་མ་གཉིས་ཀྱི་ངོ་གདོང་ནི་ཇི་འདྲའི་སྙིང་དུ་སྡུག་ལ་གཉེར་མའི་གསེང་ལས་བྱུང་བའི་སྐད་ཆ་ནི་དེ་ལས་ཤ་རེ་ཚ། ང་ལ་མིང་བོ་ཟེར་ནས་ཡར་ལྟ་བྱེད་ས་ཞིག་དང་ཨ་ཕའི་དཔུང་ཡ་ཟེར་ནས་གཞི་བཅོལ་ས་ཞིག་ཀྱང་མེད་པས། ཁྱིམ་གྱི་ལས་ཀ་གཉེར་བའམ་ཡང་ན་དེ་ལས་གཞན་པའི་དམིགས་བསལ་གྱི་གནས་ཚུལ་འགའ་རེར་འཕྲད་ཚེ། ཁོང་གཉིས་པོས་ལྷ་མཛེས་ལྷ་མཛེས་ཟེར་ནས་འབོད་ས་ང་ཡིན་ཞིང་རེ་སའང་ང་ཡིན། ངས་ད་རུང་སྒེར་སེམས་ཆེན་པོས་ཕུགས་བསམ་ཞེས་པར་ཁ་གཡར་དེ་ཁོ་རང་གཉིས་པོའི་ཐོད་ལས་ཕྱུང་བའི་རྔུལ་ཆུ་རྫི་བཞིན་འགྲོ་དགོས་སམ། པར་འདིར་ལྟ་བཞིན་ཚེ་སྒྲོན་ལྟ་བུའི་སློབ་གྲོགས་ཡོངས་ཀྱིས་རྣམ་དཔྱོད་ཀྱི་རིག་ལམ་དེད་དེ་ཞིབ་འཇུག་གི་ཐར་ལམ་ཟིན་ཞིང་། ང་དང་འདྲ་བའི་སློབ་གྲོགས་ཀུན་གྱིས་སློབ་མཐར་ཕྱིན་པ་དང་བསྟུན་རང་གཞན་གཉིས་ལ་ཕན་པའི་ལས་སུ་ཞུགས་ཐུབ་ཅིང་ཕ་མར་དྲིན་གཟོ་ཐུབ་བའི་བཀྲ་ཤིས་སྨོན་འདུན་ཞུའོ།།

༼ པདྨ་ལྷ་མཛེས། ༽