国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ནས་འཁུར་བུ་མོ།

༼ གླུ་མ་ལྷ་སྐྱིད་ལ་ཕུལ། ༽

ཚོར་བ་ཚོར་བ་དང་བསྣོལ་ཅིང་།།

ཐ་སྙད་ཐ་སྙད་ལ་འདྲིལ་ཏེ།།

དེ་རིང་སྨྱུག་རྩེ་ཡི་ཕོ་ཉ།།

ནས་འཁུར་བུ་མོ་ལ་ཕྱོགས་འགྲོ།

གངས་དཀར་རི་བོ་ཡི་རང་གཤིས།།

སྙན་འཇེབས་དབྱངས་འགྱུར་ལ་བཀུག་མཁན།།

དྲི་ཟའི་ན་ཆུང་གི་དབུས་ན།།

འཇོ་སྒེག་ཡིད་འོང་གི་གླུ་མ།།

བཞིན་རས་པདྨ་ཡི་འདབ་ལོར།།

བྱམས་རྩེའི་ཉི་ཟེར་གྱིས་བཀྱེས་ཤིང་།།

ཁྲ་ཆུང་དྭངས་གཙང་གི་མིག་ཟུང་།།

ལྷག་བསམ་སྙིང་རྗེ་ཡི་མཚོ་ཆུང་།།

ཤ་ཁྲག་སྙིང་རུས་ཀྱི་ལུས་པོར།།

ཤིང་ཕྲེང་ལྭ་བ་ཡིས་བརྟས་ཤིང་།།

གནག་འཇམ་སྐྲ་ལོ་ཡིས་སྤུད་པའི།།

སེམས་སོང་བག་ཆགས་ཀྱི་མཛངས་མ།།

འཛམ་གླིང་ཡང་རྩེ་ཡི་ཕང་བར།།

སྐྱེ་རྒུའི་ཡ་ཆུང་གི་སྤུ་ལོང་།།

མ་སྐུལ་རང་བཞིན་དུ་གཡོ་མཁན།།

ནས་འཁུར་བུ་མོ་ཡི་སྐད་ངག།

རྒྱུད་དྲུག་ཕང་འགྲོ་ཡི་གདངས་ལ།།

མགྲིན་པའི་ཕོ་ཉ་ཡིས་བཞོན་ཏེ།།

བཅོས་མིན་རང་བྱུང་གི་རོལ་མོ།།

བསམ་བཞིན་ཅི་འདྲ་ཡི་སྙན་པ།།

ཞུ་མོ་བཀུག་བཀུག་གི་ཚིག་ལ།།

མདའ་མོ་གཏོང་གཏོང་གི་གླུ་དྲངས།།

སེམས་ཀྱི་འབེན་ར་ལ་ཟུག་པའི།།

ས་ལའི་སྨན་ལྗོངས་ཀྱི་ཁུ་བྱུག།

དཀར་དཀར་གངས་སེང་གི་འོད་མདངས།།

གློ་སྙིང་བྲང་གསུམ་ལ་འཕྲོས་ཏེ།།

མཛེས་མཛེས་སྒྱུ་རྩལ་གྱི་བུ་མོ།།

རྗེ་བཙུན་སྒྲོལ་མ་ཡི་དཔེ་ལྟར། །

རྣམ་དག་ཚུལ་ཁྲིམས་ཀྱི་སྣུམ་ཞུ།།

བྱམས་བརྩེའི་ཕྱག་ཟུང་གིས་སྤར་ཏེ།།

རླུང་ཚུབ་མུན་ནག་གི་བྲག་ཁུང་།།

བདེ་སྣང་དྲོ་སྐྱིད་ཀྱིས་བཀང་མཁན།།

གངས་རིའི་དབུ་འཕང་ནས་གྲགས་པའི།།

ནས་འཁུར་སྙན་དབྱངས་ཀྱི་བདག་མོའི།།

སྒོ་གསུམ་མཛེས་ཆོས་ལ་དད་པའི།།

སེམས་ཀྱི་སྙན་ངག་ཅིག་ཡིན་ནོ།།

༼ སྲད་འདབ་གསར། ༽