国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྲོ་གཞས་དཀྱིལ་གྱི་ངང་ཁྱུ་།

དབྱར་གཞུང་སྣུབ་པའི་དགུན་ཁའི་ཙག་རླུང་གིས།།

རྨི་ལམ་ཆགས་པའི་གཙང་པོ་དར་གྱིས་སྡོམ།།

འཇིག་རྟེན་འོད་སྣང་བོར་བའི་སྨག་ནག་ཁྲོད།།

བསམ་པའི་ནོར་བུ་ལག་པས་རེག་ཐབས་བྲལ།།

ནད་ཀྱིས་མཇིང་བ་བཀུག་པའི་བར་གླགས་ནས།།

དེང་མའི་ས་སྙིགས་རྡོ་སྙིགས་བཤལ་མྱོང་བའི།།

སླར་ཡང་དགོང་སྲོད་དུས་ཀྱི་བྲོ་གཞས་གྲག།

ལྟོས་དང་གཡའ་སྒྲིབ་བོར་བའི་མེ་ལོང་ནང་།།

ལོ་ཆུང་གཞོན་ནུས་ཁྱུ་དང་ཁྱུ་བགྱིས་ནས།།

མི་དགེའི་ཐང་ལ་གཡུང་དྲུང་རི་མོ་ཕབ།།

གདོང་ལ་འཛུམ་ཆུང་དྲོས་པའི་རྡོག་སྒྲ་སྙོམ།།

འཆི་བ་གློ་བུར་ཡིན་པའི་གཞིས་སྒར་ནས།།

སྐྱེ་འཇིག་མེད་པའི་རྡོ་རིང་བསླངས་ནས་ཀྱང་།།

འཁོར་བའི་ཚ་གདུང་སེལ་བར་ཟླ་འོད་སྔོག།

བྱ་བྱེའུ་རྨི་ལམ་བདོ་བའི་ལྷིང་འཇགས་ཁྲོད།

བྲོ་དེ་གཞོན་པས་ཆང་མིག་ཅེར་བ་བཞིན།།

ཤ་དང་རུས་པའི་གསང་མདུད་གྲོལ་བར་བྱེད།།

སེམས་ཀྱི་ངལ་དུད་བརྗེད་པའི་སྟེགས་བུ་ཡིན།།

གཞས་དེ་ཕར་ཚུར་གསེར་ཟམ་དཔྱངས་པ་བཞིན།།

འཇིག་རྟེན་སྐྱ་བོར་དཔྱིད་ཀའི་སྣུམ་ཚོན་བགོ།

ལམ་གྱི་སྨུག་པ་དཀྲོགས་པའི་བསིལ་རླུང་ཡིན།།

ད་ནི་རྟེན་འབྱུང་ལས་ཀྱི་བཀའ་ཆད་ཀྱིས།།

ཕྱིར་ཡོང་མེད་པའི་ལོ་ཟླའི་བཅུད་རུམ་ནས།།

ལྗོན་པའི་ཡལ་གར་བ་མོའི་རེག་བྱ་འཁོར།།

རྒྱང་ནས་རྒྱང་དུ་བཞུད་པར་ཉེར་བསྡོགས་བྱེད།།

ཐེག་པ་དཀའ་བའི་ལྕགས་ཐག་རེ་དྲུད་ནས།།

སྨུག་པས་སྟེང་འོག་བརླན་པའི་གྲམ་འཕྲང་དུ།།

ཕྱི་མིག་རྩེག་བཞིན་ཉམ་ངས་འདུར་གྱིན་འདུག།

༼ གཞི་ཚང་ཟླ་བ་གྲགས་པ། ༽