国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སློབ་ཆུང་སློབ་མའི་རྩོམ་འབྲིའི་ལག་ལེན་སྐོར་ཅུང་ཟད་དཔྱད་པ།

སློབ་དཔོན་ཙནྡྲ་གོ་མིས། གང་ཞིག་མཁས་པའི་ལས་གསུམ་ལས༎ རྩོད་འཆད་ངག་ལ་མ་ངེས་པ༎ སྲིད་ཕྱིར་མ་འཁྲུལ་རྩོམ་པ་སྟེ༎ ཞེས་གསུངས་པ་ནང་བཞིན། འཆད་རྩོད་རྩོམ་གསུམ་ལས་སྤྱིར་བཏང་འཆད་པ་དང་རྩོད་པ་གཉིས་གལ་ཆེ་ཡང་། རྩོམ་པའི་བྱ་བ་དེ་དེ་བས་གལ་ཆེ་ཞིང་ཕུལ་དུ་བྱུང་བ་ཡིན་ཏེ། རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་ལས། མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་དེ་ཡང་ནི༎ དེ་ཉིད་ཡིན་ཕྱིར་མཁས་པ་ཡིས༎ འདི་ལས་སངས་རྒྱས་རྗེས་དྲན་བྱོས༎ ཞེས་གསུངས་ལ་མཛད་པ་ཀུན་གྱི་ནང་ནས་གསུང་གི་མཛད་པའམ་མཁས་པའི་བྱ་བ་རྣམ་གསུམ་ལས་རྩོམ་པའི་བྱ་བ་དེ། མཆོག་ཏུ་གྱུར་པའམ་རྒྱུན་རིང་པོར་གནས་ཐུབ་པའི་དངོས་པོ་ཞིག་ཡིན་པར་ང་ཚོ་ཀུན་གྱིས་ཤེས་གསལ་ལྟར་ལགས། འོ་ན་དེར་འཇུག་འདོད་པའི་ལས་དང་པོ་བ་ལ་ཇི་ལྟར་བསླབ་དགོས་ཤེ་ན།

དང་པོ། ཉན་བཤད་དང་འབྲི་ཀློག་གི་

རྨང་གཞི་བརྟན་པོར་གཞག་རྒྱུ།

སྤྱིར་འཛམ་གླིང་གི་སྐད་ཡིག་ལ་སྒྲ་སྦྱོར་ཡི་གེ་དང་གཟུགས་མཚོན་ཡི་གེ་ཞེས་རིགས་གཉིས་ཡོད་ལ། ང་ཚོའི་བོད་ཀྱི་ཡི་གེ་ནི་སྒྲ་སྦྱོར་ཡི་གེའི་ཁོངས་སུ་གཏོགས་པས་འབྲི་ཀློག་ཤེས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཡི་གེ་གང་ཞིག་འབྲི་ཀློག་གཉིས་མ་ཤེས་གོང་དུ་སྐད་རིགས་དེ་ངེས་པར་དུ་ཉན་ཤེས་པ་དང་བཤད་ཤེས་པར་བྱ་དགོས་ཏེ། ཉན་བཤད་གཉིས་ཀྱིས་སྐད་ཡིག་དེ་མགྱོགས་པོར་ཤེས་པ་དང་རྩོམ་ཡིག་སློབ་སྦྱོང་ལ་རམ་འདེགས་ངེས་ཅན་བྱེད་བཞིན་ཡོད། ཉན་བཤད་གཉིས་ནི་ཕ་རོལ་བའི་སྐད་ཆ་ལ་བརྟེན་དགོས་པས་ཕ་མ་དང་སློབ་རིམ་དམའ་བའི་དགེ་རྒན་གྱིས་རྨང་གཞི་གཙོ་བོ་གཞག་དགོས་པར་མ་ཟད། སློབ་རིམ་རིམ་བགྲོད་དང་ལོ་ན་རིམ་གྱིས་སོན་པའི་བརྒྱུད་རིམ་ཁྲོད་དུ་ཁྱིམ་བདག་དང་སྐད་ཡིག་དགེ་རྒན་རྣམས་ཀྱིས་དུས་རྟག་ཏུ་རྒྱུན་སྤྱོད་ཐ་སྙད་མང་པོ་གསོག་འཇོག་དང་བག་ཆགས་བཞག་ཅིང་སྦྱོང་བརྡར་བྱས་ན་སྐད་ཡིག་དེ་ཉན་པའམ་བཤད་པའི་ཆུ་ཚད་མཐོ་རུ་སོང་ནས་རྩོམ་འབྲི་ལ་ཕན་པ་ངེས་ཅན་ཡོད། བསླབ་པའི་ཡོན་ཏན་གྲངས་མང་མཐའ་ཡས་ཀྱང་།། འབྲི་ཀློག་གཉིས་ནི་ཀུན་གྱི་གཞི་མ་ཡིན།། ཞེས་པ་ལྟར་ཡི་གེ་འབྲི་བ་དང་ཀློག་པ་ཙམ་ཡང་མ་ཤེས་ན་རྩོམ་ཡིག་བསླབ་འདོད་པ་ནི་ནམ་མཁའ་སྟོང་པ་ལས་ཆར་བ་སྒུག་པ་ཇི་བཞིན་ཡིན་པས། གཞན་གྱི་རྩོམ་ཡིག་བཀླགས་ཏེ་ཤེས་རིག་གི་ཉིང་བཅུད་གཞིབ་པ་དང་རང་གི་བསམ་ཚུལ་གཞན་ལ་ར་སྤྲོད་ཡང་དག་བྱ་ཆེད་འབྲི་ཀློག་གཉིས་ཆར་བྱང་བར་གལ་ཆེའོ།།

གཉིས་པ། སླ་བ་ནས་དཀའ་བ་ལ་

རིམ་བཞིན་འཇུག་པར་བྱ།

རྩོམ་འབྲིའི་ཐད་སློབ་སྦྱོང་བྱེད་མཁན་ལས་དང་པོ་བ་ཞིག་ལ་མཚོན་ན་ཐོག་མ་ནས་བརྗོད་པ་མང་བའི་རྩོམ་ཡིག་འབྲི་རུ་བཅུག་ན་གླང་ཆེན་གྱི་ཁལ་བ་གླང་ལ་བཀལ་བ་ཇི་བཞིན་ཡིན། དེའི་ཕྱིར་ང་ཚོས་དུས་རྒྱུན་དུ་ཡི་གེ་དུ་མ་འདུས་པ་ལས་མིང་དང་། མིང་དུ་མ་འདུས་པ་ལས་ཚིག་གྲུབ། ཚིག་དུ་མ་འདུས་པ་ལས་བརྗོད་པ་གྲུབ་པ་དང་། བརྗོད་པ་དུ་མ་འདུས་པ་ལས་རྩོམ་ཡིག་ཞེས་པ་ལྟར། ལས་དང་པོ་རྩོམ་འབྲི་ལ་ཞུགས་མཁན་དེར་ཐོག་མ་ངག་ཐོག་ནས་ཚིག་ལ་གྲོགས་པོ་དང་ཚིག་ཏུ་བསྒྲུབ་བཅུག་པ་དང་།རིམ་བཞིན་ཡིག་ཐོག་ཏུ་མིང་ལས་ཚིག་བསྒྲུབ་བཅུག ཚིག་ལས་བརྗོད་པ་བསྒྲུབ་བཅུག བརྗོད་པ་ལས་རྩོམ་ཡིག་བྱས་ཏེ་སླ་བ་ནས་དཀའ་བ་དང་། ཡང་པ་ནས་ལྕི་མོ་ལྟར་རིམ་བཞིན་འཇུག་ན་སློབ་མ་རྣམས་རྩོམ་འབྲི་ལ་སུན་སྣང་མི་སྐྱེ་ཞིང་དགའ་བའང་སྐྱེ་སྲིད།

གསུམ་པ། རྩོམ་ཡིག་འབྲི་བའི་སྤྲོ་

སྣང་བསླང་དགོས།

མཁས་དབང་དགེ་འདུན་ཆོས་འཕེལ་ལགས་སྐུ་ན་ཕྲ་སྐབས་ཁོང་དང་ཁོང་གི་སྙན་ངག་སློབ་དཔོན་གཉིས་སྙན་ངག་སྦྱོང་བར་རྩྭ་ཐང་དུ་སོང་ལ་ནམ་མཁའ་སྤྲིན་ནག་གིས་ཁེངས་ཏེ་ཆར་བ་འབབ་ལ་ཉེ་བའི་སྐབས་སུ་སློབ་དཔོན་གྱི་ཞལ་ནས་དགེ་འདུན་ཆོས་འཕེལ། མཁའ་གླང་ལ་ཆུས་མནན་པས་ལྷ་ལམ་དུ་དལ་གྱིས་བཞུད་པར་ལྟོས་དང་། ཞེས་སྤྲིན་དང་ནམ་མཁའི་དངོས་མིང་ནས་མ་ལབ་པར་མངོན་བརྗོད་གྱི་མིང་བཀོལ་ནས་ངག་རྩོམ་བྱས་པས་ཀྱང་མཁས་དབང་དགེ་ཆོས་མཆོག་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད་ཚོད་རེད། དེང་སྐབས་སྙན་ངག་སྨྲ་བའི་དབང་པོ་དགེ་བཤེས་བེ་རི་ལགས་ཀྱིས་མཚར་གཏམ་དང་སྤྲོ་སྣང་སློང་བའི་རྩོམ་ཡིག་དཔེར་ན། སློབ་མ་གཉིས་ཀྱིས་འཛིང་མོ་རྒྱག་པར་མཚོན་ན། སློབ་གྲྭ་དམག་སྒར་མ་རེད།། སློབ་མ་དམག་མི་མ་རེད།། སྨྱུ་གུ་མེ་མདའ་མ་རེད།། འཛིང་མོ་རྒྱག་པ་མ་གནང་།། ཞེས་པ་དང་སློབ་མ་ཞིག་གཉིད་ཡོད་པར་མཚོན་ན། ནམ་མཁར་སྤྲིན་པ་མི་འདུག། ས་ལ་ཆར་བ་མི་འདུག། འབྲུག་སྒྲ་ཆེན་པོ་ཞིག་གིས།། ལུང་པ་དྲི་མས་བཀང་བྱུང་།། ཞེས་པ་ལྟ་བུ་སོགས་ཀུ་རེའམ་མཚར་གཏམ་དང་རྩོམ་འབྲི་ཟུང་འབྲེལ་བྱས་ཏེ་སྤྲོ་སྣང་བསླང་དགོས།

བཞི་པ། སློབ་ཕྱིའི་དཔེ་ཀློག་བྱེད་སྒོ་སྤེལ་བ།

སྤྱིར་ན་ང་ཚོའི་མི་རིགས་ལ་གནའ་ནས་ད་བར་གྱི་གསུང་རབ་པོ་ཏི་བྲག་རི་བརྩིགས་པ་དང་མཚུངས་པ་གཏོས་ཧ་ཅང་ཆེ་བ་ཡོད་པ་རྣམས་སློབ་ཆུང་སློབ་མས་ད་ལྟ་གནས་སྐབས་སུ་ཀློག་མི་ཐུབ་ཀྱང་ཁོ་ཚོས་ཀློག་ཐུབ་པའི་ས་སྐྱ་ལེགས་བཤད་དང་ཆུ་ཤིང་བསྟན་བཅོས་ལྟ་བུའི་ལེགས་བཤད། མི་རབས་ནས་མི་རབས་ངག་ཐོག་ནས་གཅིག་ལ་གཅིག་གིས་བརྒྱུད་སྤྲོད་བྱས་པའི་གཏམ་རྒྱུད། མི་རོ་རྩེ་སྒྲུང་སོགས་དང་མི་རིགས་གཞན་གྱི་བྱིས་སྒྲུང་གྲགས་ཅན། ཟློས་གར་གྱི་བསྟན་བཅོས་ཆེན་མོ་བརྒྱད་ལས་གོ་སླ་བ་དང་འདོན་བདེ་བ་སོགས་སློབ་ཕྱིའི་དཔེ་དེབ་ལྟ་དགོས་པར་མ་ཟད། གཏམ་དཔེ། ཁེད། དཔེ་ཆོས། རྒྱན་ཚིག་སོགས་ཇི་ཙམ་བློར་བཟུང་ན་དེ་ཙམ་རྩོམ་རྩལ་ལ་ཡར་སྐྱེད་ཡོང་བར་དངོས་ཡོད་གནས་ཚུལ་རེད་དོ།།

(དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁམས་ལྷོ་བྱིས་པའི་ཕན་བདེ་སློབ་གྲྭའི་དགེ་རྒན་པད་མ་ཆོས་འཕེལ་གྱིས་བྲིས། )