国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་ནས།

དུས་ཡུན་འབྲིང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་ཡང་དག་དང་ཁོང་དུ་བརྟན་པོ་ཆུད་པ་བྱ་དགོས་ཞེས་གསུངས།

སྤྱི་ཟླ་དང་པོའི་ཚེས16ཉིན་བཏོན་པའི་དུས་ཐེངས་གཉིས་པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི《དུས་ཡུན་རིང་འབྲིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་ཡང་དག་དང་ཁོང་དུ་བརྟན་པོ་ཆུད་པ་བྱ་དགོས》ཞེས་པའི་གསུང་རྩོམ་གལ་ཆེན་བཀོད་ཡོད་པ་རེད།གསུང་རྩོམ་ནང་ལོ་ལྔའི་འཆར་འགོད་ཚན་བཅུ་བཞི་པའི་རིང་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱུང་རྗེས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་ཡུལ་ཕྱོགས་སུ་བསྐྱོད་པའི་ལོ་ལྔའི་འཆར་འགོད་དང་པོ་དེ་ཡིན་པས་ང་ཚོ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུ་རེད་ཅེས་ནན་གསུང་གནང་ཡོད་པ་རེད།

གསུང་རྩོམ་ནང་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་རྒྱུ་ཡིས་གཙོ་བོར་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་དང་ཁོར་ཡུག ཆ་རྐྱེན་བཅས་ལ་འགྱུར་ལྡོག་བྱུང་བར་གཞིགས་ནས་བཏོན་པ་ཞིག་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་སློང་གི་ལེགས་ཆ་གསར་པ་སླར་གསོའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བ་བྱ་དགོས། བཅོས་བསྒྱུར་ཟབ་གཏོང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བ་བྱ་དགོས། ངེས་པར་དུ་བློ་སྟོབས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་མང་བ་སྤྱད་ནས་སྒྲིག་སྲོལ་དང་ལམ་སྲོལ་གྱི་གདིང་རྩའི་འགོག་རྐྱེན་སེལ་བའི་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏང་དགོས། ཆུ་ཚད་མཐོན་པོས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་སློང་གི་ལེགས་ཆ་གསར་པ་གཏོད་དགོས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་སྒོ་འབྱེད་ཀྱི་རྣམ་པའི་དཔལ་འབྱོར་ལམ་སྲོལ་བཏོད་ནས། རྒྱལ་སྤྱིའི་མཉམ་ལས་དང་འགྲན་སློང་གི་ལེགས་ཆ་གསར་པ་ཆགས་པ་བྱ་དགོས། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ལ་བརྟེན་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱ་སྐྱེད་གཏང་དགོས། དེ་བས་གང་ལེགས་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཐུབ་པ་བྱེད་པ་དང་། ཀུན་ལ་ཁྱབ་པ་དང་རྒྱུན་མཐུད་ཆོག་པའི་སྤྱི་ཚོགས་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་དང་ནད་ཡམས་འགོག་ཟོན་མ་ལག་ལ་ཤུགས་སྣོན་རྒྱག་པ། མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་འགལ་བ་སེལ་བ་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་དགོས་ཞེས་བསྟན་གནང་ཡོད་པ་རེད།

གསུང་རྩོམ་ནང་ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་བརྟག་ཐབས་སྨྲ་བར་བརྟེན་ནས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཐུབ་ཤུགས་ཆེ་རུ་བཏང་སྟེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྟངས་འཛིན་བྱེད་པའི་ནུས་པ་ཆེ་རུ་བཏང་ནས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་གནད་ལ་འཁེལ་བའི་ལན་རྒྱག་དགོས་པའི་ནན་གསུང་གནང་ཡོད་པ་རེད།། (མི་དམངས་ཉིན་རེའི་ཚགས་པར་ནས་དྲངས། )