国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚོར་བའི་དངན་པ།

དུས་ཀྱི་རྐང་རྗེས་དེས་ཅི་ཞིག་བཞག་ནས་སོང་།།

ཚོར་བའི་ཆར་འཇམ་གྱིས་ཞེ་ལ་ཅོ་འདྲི་སློང་།།

རྨི་ལམ་ཁྲ་ཁྲ་ཡི་ལོ་ཟླའི་འགྱུར་བག་ནང་།།

ཐོབ་ཤོར་མི་ཚེ་ཡི་ཡང་སྙིང་ག་ཙམ་མཆིས།།

ཚུར་ལ་ཐོབ་པ་དེ་བྱེ་མའི་འཇའ་ཚོན་རེད།།

ཕར་ལ་ཤོར་བ་དག་ཁོག་གི་ན་ཟུག་རེད།།

གནམ་ངོ་འཁྱག་རེངས་ཀྱི་འཁོར་བའི་མེ་ལོང་ལས།།

ཅི་ཞིག་མཐོང་ན་ཡང་སེམས་ཀྱི་ནད་གཞི་རེད།།

འཁོར་བ་མི་རྟག་པའི་གསུང་དེ་མཇལ་ན་ཡང་།།

ད་རུང་ཞེན་ཆགས་ཀྱི་སྐུད་སྣེ་སྟུང་དུས་མེད།།

འཚོ་བ་སྡུག་བསྔལ་འདི་ཅི་ཙམ་མྱངས་ན་ཡང་།།

ཞེ་རུས་སྣང་བ་འདིས་ཐོངས་བ་མེད་འདི་ཅི།།

གནའ་འདྲིས་ཨ་ཅག་དེ་ད་བར་གང་དུ་ལུས།།

ཞེ་ཡི་ཡིད་གཞུང་དུ་སྨིག་པ་འདྲེས་སམ་ཅི།།

ལན་ཆགས་གྲིབ་གདུང་གི་སྐོམ་པས་གཙེས་སམ་ཅི།།

སྣང་བའི་མདུན་ལྗོངས་སུ་གྲིབ་གཟུགས་མོག་གམ་ཅི།།

ཅུང་ཙམ་འཛུམ་ཚུལ་གྱི་མེ་ལོང་མཐོང་བ་ན།།

ཤ་རུས་དུངས་བ་དག་སྔར་ནས་བཅུས་ཚར་འདུག།

ཡིད་གཞུང་ནམ་མཁའ་རུ་ཚེས་ཙམ་ཤར་ཙམ་དེས།།

དྲན་པའི་རྡུལ་འཚུབ་འདིས་འཇགས་མེད་ཉིན་མཚན་གླེང་།།

ཁྱོད་རང་དགའ་བདེ་ཡི་དྲོད་རེ་འཆར་བ་ན།།

ཡིད་གཞུང་ཟླ་འོད་ཀྱི་འཛུམ་ཆུང་མེ་ཏོག་བཞད།།

ཁྱོད་ཉིད་སྨྲེང་སྐྱོ་ཡི་སྨུག་པ་འཐིབ་ཚུལ་ཞིག།

ཡི་གར་ལྷུང་ཙམ་གྱིས་ལུས་སེམས་སྦྲིད་དེ་ཐལ།།

འཚོ་བའི་མདུན་ལྗོངས་དེ་ཅི་ཙམ་སྨག་ཀྱང་ཆོག།

སྐྱེ་བའི་རྟེན་འབྲེལ་ཉིད་ཇི་ལྟར་འཆར་ཡང་རུང་།།

ཤ་རུས་པགས་འདྲེས་ཀྱི་རྒྱ་མཚོའི་ཟབ་ཚད་དེ།།

ཡིད་ཀྱི་རླུང་བུ་ཡིས་སྐྱོམ་དུས་བསིལ་མོ་རེད།།

དགུན་གྱི་ཉི་འོད་ཀྱི་དྲོད་ཚད་ཞན་པའི་དུས།།

ཁ་བ་མཐུག་ཚད་ཀྱིས་ཡིད་གཞུང་འཁྱག་དུས་སུ།།

ཙག་རླུང་གྲང་ལྷགས་ཀྱི་རེག་བྱ་རྩུབ་དུས་འདིར།།

ཞེ་ཡི་མུན་གྲོང་དུ་ཟླ་འོད་དྲན་པས་བརླན།།

༼ གུ་དཔལ་ཤིས། ༽