国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལས་ཀྱི་དབུ་ཁྱུད།

ལས་རྟེན་འབྲེལ་རི་མོ་ཡལ་མེད་ཅན། །

སེམས་ལྷད་མེད་པདྨའི་མེ་ཏོག་ཅན། །

ཁྱོད་དྲན་ཚུལ་སེམས་ཀྱི་ཉི་ནུབ་ཡིན། །

ཚིག་ཟོལ་མེད་ཡིད་ཀྱི་གཞུང་དྲང་ཡིན། །

དགུན་ཁ་བ་སེམས་ལ་བབས་ཚུལ་ཡིན། །

ཚེ་འདི་ཕྱི་ཁྱེད་ལ་གུས་ཚུལ་ཡིན། །

ལུས་འཁྱག་རླུང་ལྡང་བའི་དུས་ཚིགས་སུ། །

ཁྱོད་དྲན་པ་ལོ་ཟླའི་མིག་ཆུ་རེད། །

མཚོ་དར་དཀར་འདི་ལ་བརྩེ་ཞིག་ཡོད། །

ལས་སྐལ་བ་འདི་ལ་རྒྱུས་ཤིག་ཡོད། །

ལས་དཀར་ནག་འདི་ལ་ལམ་ཞིག་ཡོད། །

སེམས་རྣམ་རྟོག་འདི་ལ་མགུར་ཞིག་ཡོད། །

ཁྱོད་དྲན་པ་སེམས་ཀྱི་ཤར་ནུབ་ཡིན། །

སེམས་མི་འགྱུར་གཡུང་དྲུང་རི་མོ་རེད། །

ལམ་རི་མོ་བཀྲ་ཤིས་རྟགས་བརྒྱད་རེད། །

དབུ་ཐོད་ཀའི་གཉེར་རིས་ཆུང་ཆུང་འདི། །

ཚེ་འདི་ཡི་དབུ་ཁྱུད་ནོག་མེད་ཡིན། །

སྟོན་ཐ་མ་རྫོགས་པའི་སྔ་གཞུག་ནས། །

ཤིང་ལྗོན་པའི་ལོ་འདབ་འཐོར་ཚུལ་འདི། །

སེམས་དགུན་ཁ་ཚེས་པའི་དུས་ཤིག་ཡིན། །

འཛུམ་པད་མ་འདི་ལ་འདང་ཞིག་ཡོད། །

འདང་རི་མོ་སེམས་ནས་ཡལ་མེད་རེད། །

ཉ་གསེར་མིག་འདི་ལ་མཚོ་ཞིག་ཡོད། །

མཚོ་སྔོན་མོ་གཡུ་ཡི་མེ་ལོང་རེད། །

མཚོ་སྔོན་མོ་བཞུར་རྒྱུན་མ་ཆད་ན། །

ལས་སྐལ་བའི་བརྩེ་འགྲམ་ཐོལ་གླུ་འདི། །

ཚེ་གཅིག་གི་དབུ་ཁྱུད་དུམ་རེ་ཡོད། །

༼ ཁམས་པ་རབ་དབྱངས། ༽