国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཚན་མོའི་མེ་ཏོག

དེ་ནུབ་ཟླ་བའི་འོད་ལ་དྲོད་ཀྱི་ཆ་ཞིག་འདྲེས་འདུག །

སེམས་ཀྱི་མཚོ་མོ་སྐྱོམ་ལ་སྣང་བའི་འཇའ་ཚོན་མཛེས་པ། །

ཚིག་གི་ལོ་མ་རེ་རེ་སེམས་ཀྱི་གཙང་ངོགས་འཐོར་དུས། །

གཏན་དུ་རྨིས་པའི་རྨི་ལམ་མིག་གི་མཐའ་ནས་ཟེགས་བྱུང་། །

དེ་ནུབ་དྲན་པ་མཐའ་དག་སྣང་བའི་རྒྱུ་སྐར་འདྲ་ལེ། །

ཏིག་ཏིག་སྙིང་གི་འགྲོས་ནི་ཁྱེད་ལ་དཀྲོལ་བའི་རོལ་དབྱངས། །

སྒྱུ་མའི་འཇིག་རྟེན་འདི་ཡི་སེམས་ཀྱི་ལོངས་སྤྱོད་དང་མ། །

ཁ་ཞེ་འདྲིས་པའི་གཏིང་གི་ཡ་ཆུང་གཙང་མ་རེད་ལོ། །

དེ་ནུབ་འཆར་སྣང་ཐན་ཐུན་སུ་ལ་བཅོལ་ཐབས་མི་འདུག །

ཚིག་གི་རིས་སུ་བཏེགས་པའི་བརྩེ་བ་ཀློག་པ་ཇི་བཞིན། །

འཛུམ་གྱི་སྤྲིན་པ་ལྷུང་བའི་སྙིང་གི་ནམ་མཁའ་སྔོན་པོ། །

རྒྱང་རིང་རྒྱང་རིང་ཞིག་ནས་ཉེ་བའི་དྲུང་དུ་འཐེན་ཡོང་། །

དེ་ནུབ་ཚིག་གི་རླུང་བའི་འཇམ་ཤ་མལ་སར་ལྷུང་ནས། །

རྒྱང་གི་འཛུམ་མདངས་དྲོན་མོ་སེམས་ངོར་ལྷོད་ཀྱིས་ཟེགས་སོང་། །

ཡུན་རིང་གྲང་གིས་བཅུམ་པའི་སེམས་ཀྱི་སྤང་ཐང་འདི་ལ། །

བརྩེ་བའི་ཆར་གྱིས་བཏབ་པའི་མེ་ཏོག་དཀར་པོ་སྐྱེས་སོང་། །

༼ སྨོན་དུང་ཁྲག ༽