སྤྱི་ཟླ3པའི་ཚེས9ཉིན་ནས་ཚེས10ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཉག་ཆུ་རྫོང་དུ་ཕེབས་ནས་རྫོང་དེའི་ཐོན་ལས་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད། རིམས་བབ་འགོག་ཟོན། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། དགོན་པ་ཚད་ལྡན་ཅན་གྱི་དོ་དམ་སོགས་ཀྱི་ལས་ཀར་བརྟག་ཞིབ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ཉག་ཆུ་རྫོང་ལ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་དམ་འཛིན་བྱས་ཤིང་ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོར་ཕན་པ་དང་། རྒྱུན་མཐུད་ངང་བརྟན་ལྷིང་འགན་ལེན་ལ་ཤུགས་བསྣན་ཏེ། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པར་སྟོབས་ཤུགས་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།
ལིའུ་ཁྲེང་མིང་སྔོན་རྗེས་སུ་ཉག་ཆུ་རྫོང་གི་མཁར་རིང་པོ་ཡུལ་ཤོག་འོད་ལྡན་བདེ་འཇགས་བརྟན་སྲུང་ས་ཚུགས་དང་རི་རྒྱུད་གྲོང་སྡེའི་བེ་ཤ་དེང་རབས་ཅན་གྱི་ཐོན་ལས་གླིང་ཁུལ། མཁར་རིང་པོ་ཡུལ་ཤོག་གི་བེ་ཤ་གྲོང་སྡེ། ཆུ་གཉིས་མདོའི་གློག་འདོན་ས་ཚུགས། མགར་ར་གྲོང་རྡལ་གྱི་མགར་ར་ཡུལ་ཤོག་དང་མཁར་ར་དགོན་པ་བཅས་སུ་ཕེབས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། རིམས་བབ་འགོག་ཟོན་དང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བཅས་ཀྱི་ལས་ཡུལ་དང་པོའི་ལས་བྱེད་པར་འཚམས་འདྲི་གནང་ཞིང་། ས་ཆ་གང་དུ་ཕེབས་སྐབས་ལིའུ་ཁྲེང་མིང་གིས་ལས་བྱེད་པ་ཚང་མར་བྱམས་བརྩེ་བའི་གླེང་མོལ་གནང་ནས་ཁོ་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་བྱེད་པར་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་བ་རེད།
ལིའུ་ཁྲེང་མིང་བརྟག་ཞིབ་ཁྲོད་ད་དུང་ཆེད་དུ་ཆུ་གཉིས་མདོའི་གློག་འདོན་ས་ཚུགས་སུ་ཕེབས་ནས་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་། ཁོང་གིས་ཆུ་གཉིས་མདོའི་གློག་འདོན་ས་ཚུགས་འཛུགས་སྐྲུན་བྱ་རྒྱུ་དེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོན་སྙིང་ཆེན་པོ་ཡོད་ཅིང་། འཛུགས་སྐྲུན་ནང་ཞུགས་པའི་སྡེ་ཁག་སོ་སོས་ལས་གྲྭའི་སྤུས་ཁའི་སྔོན་འགྲོའི་ཆ་རྐྱེན་ཁག་ཐེག་བྱེད་པའི་འོག ཨར་ལས་ཀྱི་འཕེལ་རིམ་མགྱོགས་མྱུར་གཏང་དགོས་པ་དང་། ཆུ་གཉིས་མདོའི་གློག་འདོན་ས་ཚུགས་འཛུགས་སྐྲུན་དོ་དམ་ཅུས་ཀྱིས་རིམས་བབ་འགོག་ཟོན་དང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་ཀའི་འགན་འཁྲི་གཙོ་བོ་བསྒྲུབས་ནས། ས་གནས་སྲིད་གཞུང་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཐུན་མོང་གི་འབྲེལ་ཡོད་ལས་ཀ་ལེགས་པོ་བསྒྲུབ་དགོས། དྲྭ་མིག་ཅན་དང་རིག་སྟོབས་ཅན། གནད་སྨིན་ཅན་གྱི་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།
ལིའུ་ཁྲེང་མིང་གིས་མགར་ར་དགོན་པར་དགོན་པ་དོ་དམ་ཚད་ལྡན་ཅན་གྱི་ལས་ཀར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དགོན་པ་དོ་དམ་ཚད་ལྡན་ཅན་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་དགོས་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།
﹙བདེ་སྐྱིད་ཀྱིས་བསྒྱུར།﹚
