A
འཛིན་མ་ཐལ་དཀར་མཆེ་བས་སྦྲེལ།།
བར་བར་གཡུ་ཡི་ལྟེང་ཀ་འཁྱིལ།།
ཀཱུརྨའི་ནོར་འཛིན་སྒལ་བ་རུ།།
རེ་སྦྲ་བྱེར་ཅིང་བརྡོལ་བ་ལ།།
དུས་རྟག་གངས་ཀྱི་ཏིང་ལོ་འབབ།།
ཀེ་ལ་ཤ་ནི་ལྷ་རུ་བཀུར།།
འདུལ་བའི་བླ་མ་མགོན་དུ་བརྩི།།
ཆུ་དང་ནགས་ལ་ཀླུ་གཟུགས་བསྡུ།།
གདོད་མིའི་མི་གཤིས་རང་བྱོན་མངའ།།
གདོང་དམར་པགས་གྱོན་
ཤ་གཟན་རྣམས།།
ཞང་ཞུང་བོན་གྱི་ཁྲག་རྒྱུད་དང་།།
ཐུ་བྷོད་བོད་ཀྱི་གདུང་རུས་ལགས།།
ངར་འཐུང་རྒྱན་ཆ་ཅན་དག་གིས།།
ཡ་ཐོག་སྒོ་ངའི་སྲུབས་ཀ་གཏོར།།
གཟུ་དང་ཕུན་ཚོགས་ཤེས་རིག་བསྐྲུན།།
རང་ཉིད་སྤྲ་མིའི་རྗེས་སུ་འཛིན།།
གཞུང་བཟང་གྱད་མིའི་སེམས་
རྩ་རུ།།
སྲིད་ཞིའི་སྡོད་རྩ་དྲག་ཏུ་འཁྱུག།
དེང་གི་སྐྱེ་བོར་བག་ཡོད་སྦྱིན།།
གཙུག་ལག་ལུས་ཕྲས་གཡབ་
མོ་གཡོབ།།
B
ནེའུ་གསིང་ཁྲ་ཁྲའི་གདན་ཁུད་དུ།།
དོས་ཆེན་ཡོམ་ཡོམ་ཁལ་གཡག་འདར།།
འཚུབ་མ་སྐྱ་སྐྱ་ལ་བོས་ལྡག།
ཕོ་རྒོད་བྲེལ་བྲེལ་དེ་དག་སྙེག།
མེ་ཏོག་ལྡེམ་ལྡེམ་མགོ་བོ་འབྲེག།
ན་ཆུ་ཁོལ་ཁོལ་ཆུ་བུར་འཛུམ།།
ཉིན་བྱེད་སྐབས་སྐབས་ཐུགས་སྤྲོ་ནས།།
འབྲོག་མོར་བསིལ་བསིལ་རྔུལ་ཆུ་ལྡུད།།
མི་ཟོག་ཧང་ཧང་ཐང་ཆད་དེ།།
ལག་དོ་གཅིག་གཅིག་རྩིས་བཤེར་ཞིང་།།
བཙོས་ཧྲུག་ལྷོག་ལྷོག་གདུ་བའི་
གླགས།།
ངལ་བའི་ཏོབ་ཏོབ་རྟ་བོག་བསྟེན།།
ཨེ་མ་སྐྱིད་སྐྱིད་སྐྱེལ་འགྲུལ་སྐྱིད།།
C
དུད་སྤྲིན་གཡུ་འབྲུག་འཕག་རྒྱུ་བས།།
དབེན་པའི་རི་ལུང་འུར་གྱིས་
དཀྲོགས།།
༼ རེ་རྩིད་དབྱར་སྐྱེས་རྐང་མང་ནི།།༽
ཁ་གདང་གུང་ཚུབ་བསུམ་རེ་སྐན།།
མཚེར་གསར་ལྷས་གདང་མྱ་ངན་ནི།།
ལྟོགས་གདུང་ཁྲི་ཅན་གཟུགས་སུ་བལྟ།།
རྫི་འཕྱིང་རྩེ་བུད་ཆ་འགྲིག་པའི།།
རབ་རིབ་སྐྱ་མའི་འདུར་རྒྱུགས་ཀྱིས།།
རི་རིབ་སྨུག་པོའི་ཆ་ཤས་ཀུན།།
དཀར་ནག་ཕྱུགས་ཀྱིས་འགེབས་
སམ་ཅི།།
སྲོད་ཀྱི་བ་ཁ་སུལ་ལ་བཏབ།།
མཚན་གྱི་གཟའ་སྐར་ཐང་མར་
བརྡལ།།
ཉིན་གྱི་ལེགས་ཉེས་ཀུན་རྟོགས་པ།།
རྩིས་ནི་ཅི་ཤེས་ཡིག་རྡོག་གཅིག།
འབྲོག་གི་ཤེས་རབ་ངོ་མཚར་རྨད།།
མཚན་ཐུབ་འོད་ཀྱི་ཁེངས་དྲེགས་ནི།།
ཁེད་དང་འགྲིག་གིས་བསྐྱེད་དམ་ཅི།།
ཀོ་དམར་ཁྲག་བརྫིས་མནའ་རྒྱབ་ཀྱིས།།
རི་ཆུ་གཤགས་ཏེ་ཇག་ལ་འགྲོ།།
D
གདོང་ནི་སྨུག་གདོང་ངང་མདངས་ལ།།
ཚེམས་དཀར་དགོད་པའི་འོད་དུ་
འཚེར།།
སྨུག་ཕྱིའི་འོད་ཀྱི་ཕྲག་དོག་གིས།།
ཐིགས་མདའི་བང་ཆེན་ཡང་ཡང་
གཏོང་།།
བསང་རྩིའི་དྲི་བསུང་ཕྱོགས་སུ་
འགྲེམ།།
གཞི་བདག་མགུ་བའི་འགྲམ་ཆུ་
ལྡང་།།
མནོག་ཆུང་དྲི་མངར་རོལ་བ་ཡི།།
དྲི་ཟའི་ཚོགས་ཀྱང་འགྲང་ལ་
བཀད།།
ཉ་སྦྲིད་བ་ལུའི་རྣ་ཚར་ཅན།།
དྲང་མོར་འགྲེང་ནས་ལབ་ཙེ་སྲུང་།།
ཀི་བསྭོ་ལྷ་རྒྱལ་གད་རྒྱངས་ནི།།
གནམ་སའི་མཐོངས་ནས་བྲག་ཅར་
འདྲེས།།
དར་རྒོད་ཐོགས་པའི་གཞོན་ནུ་དག།
རྟ་རྩལ་བང་ཚད་འཇལ་ནས་ལོག།
དང་པོ་མེ་ཏོག་ཁ་འཐུ་དང་།།
གཉིས་པ་མེ་ཏོག་རྩེ་བྲེག་དང་།།
གསུམ་པ་འོག་འགྱུར་སྐྱ་རྩལ་
བཅས།།
བོག་རྩེད་ལ་སོགས་ཅོ་འདྲི་བགྱིད།།
ཁྲག་འབོད་འབྲོང་གིས་བྲོ་བརྡུང་
ཞིང་།།
ལྕེ་དམར་གློག་གིས་སེམས་ཅན་
བཀུམ།།
བཞོ་མའི་བཞོ་དབྱངས་འཇེབས་
ལྡན་མ།།
བཞོན་མ་ར་རོར་འགྱུར་བའི་རྒྱུ།།
གླང་ཟླ་ཚེས་བཞིའི་དུས་སྟོན་ཡང་།།
ཞག་གི་མེ་ཕུང་བྲོ་ལས་འདས།།
E
ཁྲ་གླག་སྤྱང་གསུམ་འཛོམ་པའི་
ཟིལ་རྔམ་གྱིས།།
བྱ་སྤྲེལ་གཏམ་རྒྱུད་ལྟ་བུའི་ཏིས་
རྩོད་སློང་།།
མ་ཎི་བརྒྱ་ཞག་བསྟེན་པའི་དད་པ་དང་།།
ཚེ་རིང་རྣམ་དྲུག་འདྲ་ཡི་འདུ་ཤེས་ཀྱིས།།
མཐུན་པ་སྤུན་བཞི་བཞིན་དུ་
འཆམ་གྱུར་ན།།
བཀྲ་ཤིས་རྟགས་བརྒྱད་ཤར་བའི་
བློ་གྲོས་འབྱུང་།།
༼ ཀུན་མཁྱེན་གྲགས་པ། ༽
