国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚིག་གི་དབྱངས་ འབྲས།

བདག་ཡིད་མེ་ཏོག་པད་མའི་ཞིང་།།

ཚོར་བའི་འདབ་མ་རླུང་གིས་འགུལ།།

སྣང་བའི་གངས་ཅན་ནགས་ཚལ་དུ།།

སྙན་ངག་རྫ་ཆུ་དྭངས་གསལ་བཞུར།།

སེམས་ཉིད་འཁོར་བའི་ཉིན་སྲིབ་འདྲ།།

ཚངས་པའི་དབྱངས་ལ་ལན་ཅིག་རོལ།།

དབྱངས་ཅན་ལྷ་ཡི་གཟི་ཉམས་འཕྲོས།།

མགུར་མའི་མཛེས་སྡུག་ཉམས་སུ་ལེན།།

ཚིག་ལ་དབྱངས་ཀྱིས་ཉམས་ཤིག་དོད།།

གཡུ་དཀར་ཟླ་བས་རང་སེམས་བཏུལ།།

སེམས་སུ་འཕྲོས་པའི་གཡུ་དཀར་མ།།

མི་ཚེ་དབྱངས་ཀྱི་རྒྱུད་མངས་ཡིན།།

བདག་ཡིད་ཚོར་བའི་ཐང་ཆེན་ན།།

དབྱངས་རྟ་སྙན་མོ་དཀྲོལ་བཞིན་དུ།།

མགུར་མའི་ཆོ་འཕྲུལ་ཕྱི་ནང་དུ།།

སྨིན་དྲུག་ལྷ་མོ་བརྗོད་གཞིར་བྱས།།

རྣམ་རྟོག་པད་འདབ་ཡོམ་ཡོམ་སྒུལ།།

དྲན་པ་སེམས་ཀྱིས་ཡོལ་ངོས་སུ།།

དབྱངས་ལྡན་ལྷ་ཡི་ཞལ་གཟུགས་ཤར།།

ཡིད་ཆེས་དད་པའི་སྣང་ངོར་བསྒོམས།།

སེམས་ཉིད་ཁྲ་མོ་མ་འགག་པར།།

སྙན་ངག་ཆུ་ཕྲན་གཙང་མར་འབྲི།།

འདི་ཕྱི་གཉིས་ཀྱི་མཆོད་འོས་ལ།།

མཆོད་པ་ཙམ་ཞིག་མཚོན་པར་བྱེད།།

དབྱར་གཞུང་ཐང་ཆེན་སྔོན་མོ་རུ།།

སྙན་ངག་ཚིག་གི་སིལ་བུ་འཐོར།།

སེམས་སུ་འཛུམ་པའི་གཡུ་ཆུང་མ།།

མི་རྟག་འཁོར་བའི་བདག་མོར་འབོད།།

གཡང་གི་ར་བའི་བདག་འཛིན་མ།།

འཚོ་བའི་གཞི་རྟེན་ལེགས་སྐྱོང་བས།།

འཛུམ་པའི་ཞལ་དཀར་ཟླ་དབྱངས་མ།།

མ་བཅོས་སེམས་ལ་ལྷང་ངེ་གསལ།།

༼ དབུ་འཇིགས་མེད། ༽