国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འདམ་གྱིས་མ་གོས་པའི་ འདམ་སྐྱེས།

ཉེས་དམིགས་དགེ་སྡིག་ཀུན་གྱི་ཆུ་མགོ་རུ།།

མི་སེམས་ཆགས་སྡང་འཐབ་པའི་འདུ་ར་ཞིག།

འཇག་རུལ་ལུད་སྙིགས་མང་བའི་མུན་ནག་ཅིག།

ལྟ་གྲུབ་མྱགས་འདམ་འཁྱིལ་བའི་རྫོབ་དོང་ཞིག།

མིག་གིས་མཐོང་ཞིང་ལག་པས་མྱོང་བ་དང་།།

སེམས་ཀྱིས་ཚོར་ཞིང་འཛིན་པའི་འདམ་སྙིགས་ཀྱི།།

མུ་དང་ཕ་མཐའ་མེད་པའི་རྫིང་བུ་རུ།།

ཕན་ཚུན་དམོད་པའི་དྲག་སྔགས་ཟམ་མི་ཆད།།

མཐའ་མེད་འཁོར་བར་ཆགས་སྡང་གོས་སུ་བྱེད།།

ལས་ཉོན་སྡིག་པའི་སྤྱོད་པ་ཟས་སུ་ཟ།།

སྙིགས་མའི་དབུས་ན་སྡང་མིག་ཧྲིག་ཧྲིག་ཏུ།།

བདག་ནི་མཐའ་འཁོབ་ཀླ་ཀློའི་གཤང་འབུ་བཞིན།།

འདམ་གྱིས་སྦགས་པའི་ཆོས་ཉིད་མ་རྙེད་ཅིང་།།

འདམ་གྱི་གཏན་ཚིགས་སྟོང་བའི་ཤེས་རབ་མེད།།

གཏིང་མཐའ་མི་དམིགས་འདམ་གྱི་ཀློང་དཀྱིལ་དུ།།

གཙང་ཞིང་དབེན་པའི་ཁོར་ཡུག་འགྲིམས་མ་ཐུབ།།

འབུ་སྡོམ་ཇི་བཞིན་གཏད་སོ་བྲལ་བ་ན།།

ཁྱེད་ཀྱི་སྐྱེས་སྦྱངས་རྩལ་གྱི་བར་སྣང་དུ།།

སྣ་ཚོགས་འབྲས་བུ་མངར་བའི་མངར་བ་ཡི།།

སྦྲང་རྩིའི་ཟས་ཀྱིས་འཐོར་ཞིག་མ་སོང་ཙམ།།

ཉེ་རིང་ཆགས་སྡང་ཕྱོགས་རིས་རྨང་ནས་སྤངས།།

དགེ་སྡིག་སེམས་ཀྱི་ཞེན་པ་རྩད་ནས་བཏང་།།

ཉོན་མོངས་སྙིགས་མའི་ཕྲ་རགས་བཞི་སྡེའི་དཔུང་།།

ས་མང་བག་ཆགས་མ་ལུས་བསྲེགས་ཤིང་བཅོམ།།

ལུས་ཀྱི་རིག་བྱེད་གཡའ་ཡིས་མ་གོས་ཤིང་།།

ངག་གི་འདབ་མ་དུག་གིས་མ་བསྣད་པར།།

ཡིད་ཀྱི་རྣམ་ཤེས་ཕྱི་གཙང་ནང་གསལ་དུ།།

རྟོགས་ཤིང་སད་པའི་གནས་སྐབས་བག་གིས་གཞོལ།།

འདམ་གྱི་ངོ་བོས་རྐང་ནས་མ་ཟིན་ཞིང་།།

འདམ་གྱི་ཀློང་ལས་ཤར་གྱིས་བུད་པ་ཁྱེད།།

མ་སྨད་བདག་བློའི་དག་གཙང་སྐམ་ས་རུ།།

འདམ་གྱིས་མ་གོས་ཆོས་ཉིད་གཤིས་ཀྱིས་འཛུམ།།

༼ ལོང་ལྐུག་གཟའ་སྨྱོན། ༽