国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་ཏོག་སྒང་གི་གྲོང་མིས་འཕེལ་ཁ་དར་བའི་གཞས་གསར་གཏོང་།

མའོ་ཀྲུའུ་ཞིས་མི་མངགས་བྱུང་།

གླུ་ཚིག།

མའོ་ཀྲུའུ་ཞིས་ཡ་མི་མངགས་བྱུང་།

གངས་རིར་འཛུམ་མདངས་རྒྱས་ལོ་འཇའ་སྤྲིན་དར་ལམ་བྱེ།

གསེར་གྱི་ཐག་པ་ཞིག་གིས།

པེ་ཅིང་དང་ལྷ་ས་སྦྲེལ་སོང་།

ཅང་ཤེས་གསེར་སྒས་བརྒྱན་ཐོག་བུད་ནས་ཡོ།

ཁ་བཏགས་ལུས་ལ་ཁུར་ནས་པེ་ཅིང་དུ།

མའོ་ཀྲུའུ་ཞི་ལ་འབུལ་ལོ།

ང་ཚོ་བདེ་སྐྱིད་ཡོང་བ་ཁོང་གི་དྲིན།

མའོ་ཀྲུའུ་ཞིས་ཡ་མི་མངགས་བྱུང་།

ལྷ་དམག་མི་ཡུལ་བབས་བྱུང་ལོ་རླུང་གིས་སྤྲིན་ནག་གཏོར།

ལོ་སྟོང་བཙན་དབང་རི་བཞིན་འགྱེལ།

ཞིང་བྲན་ཁྲི་བརྒྱ་ཡར་ལ་ལངས།

ང་ཚོས་དར་དམར་དཔལ་འབར་མཐོན་པོར་སྒྲེང་ཡོ།

ཁ་བཏགས་ལུས་ལ་ཁུར་ནས་པེ་ཅིང་དུ།

མའོ་ཀྲུའུ་ཞི་ལ་འབུལ་ལོ།

ང་ཚོ་བདེ་སྐྱིད་ཡོང་བ་ཁོང་གི་དྲིན།

མའོ་ཀྲུའུ་ཞིས་ཡ་མི་མངགས་བྱུང་།

ཙན་དན་འབྲས་བུ་སྨིན་སོང་རྨ་བྱས་སྒྲོ་གུར་ཕུབ།

མི་ལ་ཤུགས་འཕེལ་ས་ལ་ནོར་བུ་སྐྱེས།

གསེར་རི་སྤུངས་ནས་ནམ་མཁའ་གང་།

ང་ཚོས་ནས་ཆང་བཟང་པོ་བཏེགས་ནས་ཡོ།

ཁ་བཏགས་ལུས་ལ་ཁུར་ནས་པེ་ཅིང་དུ།

མའོ་ཀྲུའུ་ཞི་ལ་འབུལ་ལོ།

ང་ཚོ་བདེ་སྐྱིད་ཡོང་བ་ཁོང་གི་དྲིན།

ཁོང་གི་དྲིན་ཡེ།

རྩོམ་པ་པོ་དང་གླུ་ཐོག་མ་ལེན་མཁན་གྱི་ངོ་སྤྲོད་མདོར་བསྡུས།

《མའོ་ཀྲུའུ་ཞིས་མི་མངགས་བྱུང་།》ཞེས་པ་ནི་ཡན་ཧྲུའུ་ཐེན་གྱིས་ཚིག་བརྩམས་པ་དང་། ཁོ་ཧུའེ་ཡིས་གཞས་གདངས་བརྩམས་ཤིང་། 1960ལོར་ཁྲེང་ཏུའུ་དམག་དར་གླུ་གར་ཚོགས་པའི་ལི་ཧྲུའུ་ཅུན་དང་ཞེ་དབྱི་ཧྲན་གྱིས་ཐོག་མར་བླངས་པ་རེད།

ལི་ཧྲུའུ་ཅུན་ནི་བུད་མེད་གདངས་འབྲིང་གླུ་མ་གྲགས་ཅན་དང་དམག་འགྲུལ་གླུ་མ་གྲགས་ཅན་ཡིན། ཁོང་གི་གླུ་དབྱངས་འཐུས་ཚབ་ཅན་ནི《ཨེ་མ་ཡར་རྒྱས་སོང་།》དང་། 《གུང་ཁྲན་ཏང་ཉི་མ་དང་ཟླ་བ་འདྲ།》དང་། 《མའོ་ཀྲུའུ་ཞིས་མི་མངགས་བྱུང་།》《འདི་ནི་དམར་དམག་འགྲོ་མྱོང་བའི་ས་ཆ་རེད།》《འབྲོག་པའི་གླུ།》སོགས་ཡོད། མའོ་ཀྲུའུ་ཞི་དང་ལིའུ་ཧྲའོ་ཆི། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ། ལུའོ་རུས་ཆིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་མཛའ་བརྩེའི་ངང་མཇལ་འཕྲད་ཐེངས་མང་གནང་མྱོང་ཡོད། ཁོང《ཀྲུང་གོའི་སྒྱུ་རྩལ་པའི་མིང་མཛོད》དང་། 《ཀྲུང་གོའི་དེང་རབས་རོལ་དབྱངས་ལས་རིགས་ཀྱི་མི་སྣ་གྲགས་ཅན་གྱི་ཚིག་མཛོད།》དང་། 《ཀྲུང་གོའི་དེང་རབས་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་གྲགས་ཅན་གྱི་མིང་ཐོ》《སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་རམས་པའི་གྲུབ་འབྲས་གསུང་འབུམ》བཅས་ཀྱི་ཚད་ལྡན་ཡིག་ཆར་བདམས་ཡོད།

ཞེ་དབྱི་ཧྲན་ནི་ཀྲུང་གོའི་མི་རིགས་གླུ་དབྱངས་ལེན་མཁན་གྱི་གླུ་པ་ཡིན་ཞིང་། ཀྲུང་གོའི་དུས་རིམ་སྔ་མའི་གསར་བརྗེའི་གླུ་དབྱངས་ལེན་མཁན་ཡིན། སྐབས་དེར་ལི་ཧྲུའུ་ཅུན་དང་མཉམ་དུ《མའོ་ཀྲུའུ་ཞིས་མི་མངགས་བྱུང་།》ཞེས་པ་བླངས་ནས་མི་རྣམས་ལ་བག་ཆགས་ཟབ་མོ་ཐེབས་ཡོད། ཡང་སྒོས་སུ་ཙུང་ལི་ཀྲོའུ་ཨེན་ལེ་རྒྱལ་ཁབ14ལ་འཚམས་འདྲིར་ཕེབས་ནས་ཕྱིར་ལོག་སྟེ་ཁྲེང་ཏུའུ་བརྒྱུད་དུས་སུ། གླུ་དབྱངས་འདི་ལ་གསན་རྗེས་བག་ཆགས་ཟབ་མོ་ཐེབས་ཡོད་པ་རེད།

གླུ་ཚིག་བརྩམས་པའི་ལོ་རྒྱུས།

《མའོ་ཀྲུའུ་ཞིས་མི་མངགས་བྱུང་།》ཞེས་པ་ནི་ཉིས་ལེན་དཔེ་མཚོན་ཅན་གྱི་རོལ་དབྱངས་བརྩམས་ཆོས་གྲགས་ཅན་ཞིག་ཡིན་ཞིང་། གླུ་དབྱངས་སྙན་ཞིང་འཇེབས་པ་དེ་ལ་བོད་ཀྱི་རྡོག་བྲོའི་དབྱངས་འགྲོས་སྤྲོ་ཞིང་འཁྲུག་ཆ་དོད་པ་སྤྱད་ཡོད་ཅིང་། མི་རིགས་རོལ་ཆས་ཀྱིས་རམ་དཀྲོལ་བྱས་ཐོག། སྐྱེས་པའི་གདངས་མཐོའི་འཇམ་འཐེན་བྱེད་ཐབས་དང་བུད་མེད་ཀྱི་གདངས་འབྲིང་མི་རིགས་ཀྱི་འཐེན་སྟངས་ཟུང་འབྲེལ་དམ་ཟབ་བྱས་པས། གཞས་གདངས་མཐོ་བརྗིད་ལྡན་ལ་སྤྲོ་བ་ཆེ་བ་ཡོད། དེ་ལས་ཏང་གིས་བོད་ལྗོངས་མི་དམངས་ལ་སེམས་ཁུར་གནང་བ་མཚོན་ཡོད་ཅིང་། གུང་ཁྲན་ཏང་གིས་གཞི་ནས་བོད་ལྗོངས་བཅིངས་འགྲོལ་བཏང་ཐུབ་པ་དང་བོད་ལྗོངས་དེ་བས་དར་རྒྱས་འབྱོར་ཕྱུག་འགྲོ་ཐུབ་པ། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ། སྤྱི་ཚོགས་སྔར་བས་བརྟན་བརླིང་ཡོང་ཐུབ་པ་བཅས་བསྟན་ཡོད། འོས་ལངས་ཞིང་བྲན་ཁྲི་བརྒྱ་ཡིས་མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་ལ་བཀའ་དྲིན་ཞུ་བའི་དགའ་སྤྲོའི་སེམས་པ་གླུ་རུ་མཚོན་ཡོད་དོ།།

ཀ། རི་གསེབ་ཏུ་གསར་དུ་ཆགས་པའི་ཁྱིམ་གཞིས།

ཡེ་གཅེས་ཀྱིས་ང་ལོ་ཏོག་སྒང་གྲོང་གསར་དུ་སྤོས་ནས་ལོ་བཞི་ཙམ་འདས་སོང་། ཏང་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་གྲོང་གསར་དུ་ལམ་དང་གློག། སྦུག་ཆུ་སོགས་དྲངས་ཡོད་ཅིང་། དེང་སང་རྐང་ཐང་དུ་ཆུ་ཚོད་ཕྱེད་ཀར་བསྐྱོད་ཚེ་རྫོང་གི་གྲོང་ཁུལ་དུ་སླེབས་ཐུབ་པས་མ་ཚད་ཕྲུ་གུ་ཚོ་གྲོང་སྡེ་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་རྫོང་གི་གྲོང་ཁུལ་དུ་སློབ་གྲྭར་འགྲོ་ཆོག། ང་ཚོས་ཁྱིམ་གྱིས་སྒོར་སྐར་གང་ཡང་གཏོང་མི་དགོས་པར་ལྟོ་གོས་གཉིས་ཐད་ནས་སེམས་ཁྲལ་མེད་པའི་འཚོ་བ་སྐྱེལ་བཞིན་ཡོད། བསོད་ནམས་འདི་ནི་གུང་ཁྲན་ཏང་གིས་ང་ཚོར་སྟེར་བ་རེད་ཅེས་བཤད།

ཡེ་གཅེས་ཀྱིས་ལོ་ཏོག་སྒང་གྲོང་སྡེ་འདི་སྔོན་ཆད་མཚོ་འཕགས་སྨི3800ཡན་ཡོད་སར་ཆགས་ཡོད་ཅིང་། རྨོ་ཞིང་གི་རྒྱ་ཁྱོན་ཆུང་ཞིང་། གྲོང་མི་ཁ་ཐོར་དུ་གནས། ལམ་དང་ཆུ།གློག་སོགས་ཡག་པོ་མེད་པ། འདེབས་ཁྱོན་ཆུང་བ་བཅས་ཡིན་པས་འཚོ་བ་སོགས་གང་ཐད་ནས་དཀའ་ངལ་ཆེན་པོ་ལྡན། གཟའ་འཇུག་ཏུ་བྱིས་པ་ཚོ་སློབ་གྲྭ་ནས་ཁྱིམ་དུ་ལོག་དུས་རི་ཆུ་སོགས་ཉེན་ཁའི་གནས་ལས་བརྒལ་དགོས་ཤིང་། ཁྱད་པར་དུ་དབྱར་ཁའི་ཆུ་བྲུག་པའི་སྐབས་སུ་ཁྱིམ་བདག་ཚོས་སེམས་ཁྲལ་ཆེན་པོ་བྱེད་དགོས་ཀྱི་ཡོད། ཁྱིམ་བདག་ལ་ལས་ཉིན་ལྟར་ཉེན་ཁའི་ལམ་དུམ་ལ་བྱིས་པ་སྐྱེལ་བསུ་བྱེད་པར་འགྲོ་དགོས་ཀྱི་ཡོད་ཅེས་བཤད།

ཡེ་གཅེས་ཀྱི་རི་མགོའི་འཚོ་བ་གཙོ་བོ་ནི་ཕྱུགས་རྫི་བྱས་ཏེ་མར་དང་སྐྱུར་ལོག་འཚོང་བ་དེ་ཡིན་ཞིང་། དེ་བཞིན་རྫོང་གི་གྲོང་ཁུལ་དུ་ཅ་ལག་ཉོ་བར་འགྲོ་དུས་མི་ཡིས་འཁུར་བ་དང་རྟ་ལ་འགེལ་བའི་ཐབས་ཤེས་ལས་མ་མཆིས་ཏེ་རྒྱུན་གཏན་གྱི་གནས་ཚུལ་འོག་ཏུ་ཡང་ཆུ་ཚོད་དྲུག་བདུན་ཙམ་ལ་བསྐྱོད་དགོས་ཀྱི་ཡོད། དེ་མིན་གྲོང་མིར་ནད་ཕོག་དུས་ཀྱང་རྫོང་གི་གྲོང་ཁུལ་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད།ལམ་ཐག་རིང་བ་དང་ལམ་ངན་ཡིན་པས་ལམ་བར་དུ་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་ཡང་བྱུང་མྱོང་། ཡེ་གཅེས་ཀྱི་མེས་པོ་མེས་མོ་ཚོ་མི་ཚེ་མི་རབས་བར་རི་སུལ་དུ་འཚོ་བ་བསྐྱལ་བ་ཡིན་ལ། ཡེ་གཅེས་ཀྱང་དེའི་ནང་བཞིན་རེད།

ཡེ་གཅེས་ཀྱི་བུ་མོ་བཀྲ་ཤིས་སྒྲོལ་མ་ལོ5ཙམ་ལ་སོན་སྐབས་རྟ་ཡིས་རྡོག་ཐོས་བརྒྱབ་པས་ངོ་གདོང་ཡོངས་སུ་ཁྲག་འཛར། སྐབས་དེར་ཡེ་གཅེས་ཀྱི་ལམ་བར་དུ་གནས་ཚུལ་གང་འདྲ་ཐོན་མིན་ལ་མ་བལྟོས་པར་མགྱོགས་མྱུར་རས་ཐུམ་ཞིག་གིས་བུ་མོའི་མགོ་བོ་དཀྲིས་རྗེས་རྒྱབ་ཏུ་འཁུར་ནས་རྫོང་ཐོག་ཏུ་སྨན་བཅོས་བྱེད་དུ་སོང་། སྐྲག་སྣང་དང་བྲེལ་ཚུལ་འདྲེས་མའི་སེམས་ཁམས་ཤིག་བཅངས་ནས་ནམ་རྒྱུན་ཆུ་ཚོད་དྲུག་བདུན་ཙམ་ལ་འགྲོ་དགོས་པའི་ལམ་ཐག་དེ་ཐེངས་འདིར་ཆུ་ཚོད5ལས་མ་འགོར་བར་སྨན་ཁང་དུ་སླེབས། སྨན་པས་བརྟག་དཔྱད་བྱས་མཐར་བུ་མོ་ལ་སྐྱོན་དེ་ཙམ་བྱུང་མེད་པའི་གནས་ཚུལ་ཤེས་རྗེས་ཡེ་གཅེས་གཞི་ནས་དཀའ་སྣང་ཞིག་སྐྱེས་ཏེ་ཐང་ལ་བསྡད་ནས་དབུགས་རིང་ཞིག་འཐེན།

2010ལོའི་དགུན་ཁར་གྲོང་སྡེར་གཞུང་ལམ་ཤར་གཏོང་ཐུབ་ཡོད། ཡེ་གཅེས་བྲེལ་འཚུབ་ཆེན་པོས་སྒོར་ཉིས་སྟོང་ལྷག་བཏང་ནས་འཕྲུལ་རྟ་རྙིང་བ་ཞིག་ཉོས།དེ་རྗེས་ཁ་བའི་འདབ་མ་དང་གྲང་རླུང་ཆེན་པོའི་ཁྲོད་དུའང་འཕྲུལ་རྟར་བཞོན་ནས་འགྲོ་ཆོག་པས་ནང་མི་ཚོའི་འགྲིམ་འགྲུལ་ཐད་ཕན་ཐོགས་ཆེན་པོ་བྱུང་།

གྲོང་སྡེའི་གཞུང་ལམ(ས་ལམ)དུ་འཕྲུལ་རིགས་ཤར་གཏོང་ཐུབ་ཡོད་པས་སྔོན་ཆད་དང་བསྡུར་ན་ཅུང་ཡག་པོར་གྱུར་ཡོད་ཀྱང་།འོན་ཀྱང་ཆར་པ་བབས་དུས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་བྱུང་ནས་ལམ་ཆད་པའི་གནས་ཚུལ་རྒྱུན་ལྡན་ཡིན་ཏེ་གྲོང་མི་ཚོ་སྔར་བཞིན་དཀའ་ཁག་གི་གནས་སུ་ལྷུང་ཡོད།

དེ་རྗེས་ཁུལ་ཨུའི་མགོ་ཁྲིད་གཙོ་བོ་རྣམས་ཀྱིས་ལོ་ཏོག་སྒང་གྲོང་སྡེའི་རང་བྱུང་ཆ་རྐྱེན་དང་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་ཞན་པ། ས་གཤིས་ཀྱི་རི་ཉིལ་བའི་མི་མངོན་པའི་རྐྱེན་ངན་ཁུལ་དུ་ཡོད་པའི་གནས་ཚུལ་ཤེས་རྗེས།གྲོང་སྡ་སྡེ་ཧྲིལ་པོ་གནས་སྤོ་དང་གཅིག་བསྡུས་བཀོད་སྒྲིག་བྱེད་པའི་དབུལ་ཐར་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན། 2016ལོར་རྟའུ་རྫོང་གིས་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི6335བཏང་ནས་དུད་ཚང246གི་མི1134ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས། གྲོང་སྡེ་ཧྲིལ་པོ་རྒྱལ་ལམ318པའི་ཉེ་འགྲམ་དུ་གཅིག་སྡུད་བཀོད་སྒྲིག་བྱ་ཐབས་ལ་བརྟེན་ནས་ལོ་ཏོག་སྒང་གྲོང་གསར་བསྐྲུན་པ་དང་།དུད་ཚང་སོ་སོར་སྡོད་ཁང་དང་ར་སྐོར་གཉིས་ལྡན་གྱི་རྣམ་པ་སྤྱད་དེ་བཟོ་སྐྲུན་བྱས། ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་དུད་ཀྱིས་མི་རེར་ཆ་སྙོམས་སྨི་གྲུ་བཞི་མ25ལས་མི་བརྒལ་བའི་གཞི་རྩའི་རྩ་དོན་ལྟར། མི3མན་ལ་སྨི་གྲུ་བཞི་མ80ལས་མི་མཐོ་བ་དང་།མི4ནས6བར་སྨི་གྲུ་བཞི་མ120ལས་མི་མཐོ་བ།མི7ཡན་ལ་སྨི་གྲུ་མ150ལས་མི་མཐོ་བ།ར་སྐོར་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ120ཡི་ཚད་གཞི་ལྟར་བྱས་ནས་བསྐྲུན་པར་མ་ཟད་ཆུ་དང་གློག ལམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་ཚན་རིག་དང་མཐུན་པའི་ངང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་རི་འདབས་སུ་སྡོད་ས་དང་རི་མགོར་ཡོང་འབབ་འཕར་བའི་རྣམ་པ་སྤྱད་དེ་ས་མཐོའི་ཁྱད་ལྡན་གསོ་ཚགས་འཕེལ་རྒྱས་བཏང་ཡོད།

2017ལོའི་སྤྱི་ཟླ5པ་ནི་ཡེ་གཅེས་ལ་མཚོན་ན་བརྗེད་པ་དཀའ་བའི་ཉིན་མོ་ཞིག་ཡིན་ཞིང་།ཉིན་དེར་ཁོ་ནང་མི་ཚང་མ་རྫོང་གྲོང་དང་བར་ཐག་སྤྱི་ལེ3ཙམ་ལས་མེད་པའི་ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ལོ་ཏོག་སྒང་གྲོང་གསར་དུ་སྤོས། ཁོ་ཚོའི་ཁང་པ་ནི་སྲིད་གཞུང་གིས་སྒོར་ཁྲི་དགུ་ཙམ་ཁ་གསབ་བྱས་ནས་བསྐྲུན་རོགས་བྱས་པ་ཞིག་ཡིན་ཏེ་ལོ་དེ་དག་ནང་ཁོང་རང་ལ་དངུལ་ཅུང་ཡོད་དུས་ནང་གི་སྒྲིག་སྦྱོར་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་རེད།།

ཁ།སློབ་གསོར་བརྟེན་ནས་མཛེས་སྡུག་གི་འབྱུང་འགྱུར་སྐྱོང་།

“དཀའ་སྡུག་ཇི་ཙམ་ཆེ་ཡང་རང་གི་བྱིས་པར་དཀའ་སྡུག་མྱོང་དུ་མི་འཇུག། ངས་ངེས་པར་བྱིས་པར་སློབ་སྦྱོང་བྱེད་དུ་བཅུག་ནས་མ་འོངས་པར་བདེ་སྐྱིད་བསྐྲུན་དུ་འཇུག་རྒྱུ་ཡིན”ཞེས་བཤད། ཕ་ཡེ་གཅེས་ལ་བྱིས་པ5ཡོད་པ་ལ། བྱིས་པ་དག་གི་ལུས་སྟེང་ནས་ཁོའི་བྱིས་དུས་ཀྱི་ལས་དབང་ཤེས་པས། ཁོས་བྱིས་པ་ཚོ་རང་ཉིད་ལྟར་རིག་གནས་མེད་པའི་ལམ་བུའི་ཐོག་ལ་བསྐྱོད་དུ་གཏན་ནས་འཇུག་གི་མེད།

ཡེ་གཅེས་ཀྱི་ཆུང་མ་བྱིས་པ་ཚོ་ཆུང་དུས་ནས་ཀླད་ཁྲག་འདྲེས་པའི་ནད་ཐེབས་ནས་གྲོངས་སོང་བས། ཁྱིམ་གྱི་ཁུར་པོ་ལྕི་མོ་ཡེ་གཅེས་གཅིག་པུའི་ཐོག་ཏུ་ལྷུང་། “ང་ལ་རིག་གནས་གང་ཡང་མེད་པས་གྲོང་ཁྱེར་ཆེན་མོ་ཞིག་ལ་སླེབ་སྐབས་ལམ་བྱང་ཡང་ངོས་འཛིན་ཐུབ་ཀྱིན་མེད། རྒྱ་སྐད་ཀྱང་ཡག་པོ་ཞིག་བཤད་ཤེས་ཀྱིན་མེད། ང་བྱིས་པ་ཡིན་དུས་ཀྱི་དུས་རབས་དང་ངའི་བྱིས་པ་ཚོའི་དུས་རབས་མི་འདྲ་བས། ཁོ་ཚོ་ཕྱི་ལོགས་སོགས་སུ་འགྲིམ་དགོས་པས་མིག་རྒྱང་རིང་དུ་བསྐྱེད་དགོས། དེ་ལྟར་བྱས་ན་ད་གཟོད་མདུན་ལམ་བཟང་པོ་ཡོད་རྒྱུ་རེད”ཅེས་བཤད། ཁོ་ལ་དཀའ་ཁག་ཇི་ཙམ་ཆེ་རུང་བྱིས་པ་ཚོ་སློབ་གྲྭར་སྐྱེལ་རྒྱུ་རྒྱུན་འཁྱོང་བྱེད་བཞིན་ཡོད། འདི་ལྟར་རྒྱུན་འཁྱོངས་བྱེད་སྐབས་གྲོང་མི་ཁྱིམ་མཚེས་ཚོས་ཁོ་ལ་རང་གི་ལྟོ་ཟས་ཀྱང་ལོན་བཞིན་མི་འདུག་ལ། མ་འོངས་པར་བྱིས་པ་ཚོ་མཐོ་འབྲིང་དང་སློབ་ཆེན་འགྲིམ་དུས་ཁྱོད་ཀྱིས་ཅི་ཞིག་གིས་ཁོ་ཚོ་གསོ་སྐྱོང་བྱ་རྩིས་ཡིན་ནམ་ཞེས་འཕྱ་སྨོད་བྱས། བྱིས་པ་ཚོའི་ཨ་ཞང་ཞིག་ཡོད་པ་ནི་མིག་རྒྱང་རིང་ལ་མཐོང་རྒྱ་ཅན་ཞིག་ཡིན། ཁོས་ཡེ་གཅེས་ལ་རོགས་པ་བྱས་ནས་བྱིས་པ་ཚོ་སློབ་གྲྭར་མངགས་ནས་གསོ་སྐྱོང་བྱ་རྒྱུའི་སེམས་ཐག་བཅད།

ས་གནས་འདི་གའི་གོམས་སྲོལ་ལྟར་ན་ཁྱིམ་ཚང་སོ་སོ་ལ་གཞིས་འཛིན་མཁན་གྱི་བྱིས་པ་ཞིག་དགོས་ཀྱི་ཡོད་ལ། སྐབས་དེར་ཡེ་གཅེས་ཀྱིས་བུ་མོ་གཉིས་པ་བདེ་སྐྱིད་གཡང་འཛོམས་དམའ་འབྲིང་ནས་སློབ་ཐོན་བྱུང་རྗེས་གཞིས་འཛིན་པར་བསམ་བློ་བཏང་མོད། བུ་མོའི་བོད་ཡིག་དགེ་རྒན་ཡེ་ཤེས་སྒྲོལ་མས་ཕ་ཡེ་གཅེས་ལ་བསམ་ཚུལ་དེ་ཡོད་པ་ཤེས་པས། དགེ་རྒན་ཁོང་གིས་ཕ་ཡེ་གཅེས་ལ་བུ་མོ་མུ་མཐུད་ནས་སློབ་གྲྭ་ཞུགས་ནས་སློབ་སྦྱོང་བྱེད་དགོས་ཚུལ་དང་དེ་ལ་རྒྱབ་སྐྱོར་དགོས་ལུགས་ཀྱི་ཁ་ཏ་བྱས། བྱིས་པ་ལྔ་པོས་འགན་བབས་སློབ་གསོ་དང་ལེན་བྱེད་སྐབས་འགྲོ་སོང་གཏོང་མི་དགོས་མོད། འོན་ཀྱང་ས་ཆ་གཞན་དུ་མཐོ་རིམ་སློབ་འབྲིང་ངམ་ཡང་ན་སློབ་ཆེན་འགྲིམ་སྐབས་འགྲོ་སོང་ཧ་ཅང་ཆེན་པོ་ཡིན་ནའང་། ཕ་ཡེ་གཅེས་་གྱིས་བྱིས་པ་ཚོར་རང་ཁྱིམ་གྱི་དཀའ་ངལ་གཏན་ནས་ཤེས་སུ་མ་བཅུག་ལ། བྱིས་པ་ཚོ་སློབ་གྲྭར་ཕྱིར་ཁྱིམ་དུ་ལོག་སྐབས། ཕ་ཡེ་གཅེས་ཀྱིས་རྟག་ཏུ་ཁོང་ཚོར་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་མངགས་བཅོལ་བྱེད་ཀྱིན་ཡོད།

“ཨ་ཕས་མི་བཤད་ནའང་ང་ཚོའི་སེམས་སུ་ཤེས་ཡོད་ལ། སྐབས་རེ་ཨ་ཕ་དང་ཨ་ཞང་གཉིས་ཀྱིས་ང་ཚོའི་སློབ་ཡོན་གྱི་ཆེད་དུ་སེམས་ཁྲལ་བྱེད་པ་དང་། ཡར་མར་ནས་སྒོར་མོ་གཡར་བ་མཐོང་སྐབས། ངས་ཀྱང་སློབ་སྦྱོང་གི་བསམ་བློ་དོར་ཞིང་སྔ་ཙམ་ནས་གླ་བརྒྱབ་ནས་སྒོར་མོ་བཙལ་ཏེ་ཁྱིམ་གྱི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་གཏོང་འདོད་མོད། འོན་ཀྱང་ཨ་ཞང་དང་ཨ་ཕས་ང་ཚོར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག། ཁོང་གཉིས་པོས་ང་ཚོའི་མ་འོངས་པར་ཡག་པོ་ཞིག་ཡོང་བའི་ཆེད་དུ་ཡིན་པས། ང་ལ་གཅུང་མོ་དང་ནུ་བོར་མིག་དཔེ་ཡག་པོ་ཞིག་སྟོན་དགོས་ཞེས་བཤད་བྱུང་།” ཞེས་བུ་མོ་ཆེ་བ་བསོད་ནམས་མཚོས་ཕྱིར་དྲན་བྱས་ནས་བཤད།

“བྱིས་པ་ཚོས་འབད་བརྩོན་ཆེན་པོ་བྱེད་པ་ཕུད། སྲིད་གཞུང་གི་སློབ་གསོའི་དབུལ་སྐྱོར་སྲིད་ཇུས་ཀྱིས་ཀྱང་ང་ཚོར་རོགས་རམ་ཆེན་པོ་བྱས་སོང”ཞེས་ཡེ་གཅེས་་གྱིས་སེམས་འགུལ་ཐེབས་པའི་ངང་ནས་བཤད། ཁྱིམ་ཚང་དབུལ་པོ་ཞིག་ལ་ཉུང་མཐར་ཡང་སློབ་ཆེན་སློབ་མ་གཉིས་ཐོན་པ་དེའི་ནང་གི་གཅིག་ད་དུང་སློབ་གྲྭ་དེ་བས་མཐོ་བའི་ནང་ཞུགས་རྒྱུ་ཡིན་པས། གནས་ཚུལ་འདིས་ཡེ་གཅེས་གྲོང་ཚོའི་ནང་སྐད་གྲགས་ལྡན་པའི་མི་སྣར་གྱུར། བུ་མོ་ཆེ་བ་བསོད་ནམས་ཆོས་མཚོ་མིག་སྔར་བོད་ལྗོངས་མི་རིགས་སློབ་ཆེན་དུ་དབྱིན་བོད་ཡིག་སྒྱུར་ཆེད་ལས་སུ་སློབ་སྦྱོང་བྱེད་བཞིན་ཡོད་པར་མ་ཟད། སློབ་གྲྭ་དེའི་ཡིག་སྒྱུར་རབ་འབྱམས་པའི་ཞིབ་འཇུག་སློབ་མར་ཡང་རྒྱུགས་འཕྲོད་འདུག། བུ་མོ་གཉིས་པ་བདེ་སྐྱིད་གཡང་འཛོམས་སློབ་གྲྭ་ནས་སློབ་ཐོན་བྱུང་ཞིང་། མིག་སྔར་རྟའུ་རྫོང་ཞིང་འབྲོག་གྲོང་གསེབ་དང་ཚན་རྩལ་ཅུས་སུ་ལས་ཀ་བྱེད་ཀྱི་ཡོད། བུ་བཞི་པ་འཇིགས་མེད་འགྲོ་ཕན་མིག་སྔར་ཁུལ་མཐོ་རིམ་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་ཡོད། བུ་མོ་ཆུང་བ་བཀྲ་ཤིས་སྒྲོལ་མའང་ད་ལོར་འབྲིང་རྒྱུགས་རན་ལ་ཡོད།

“ད་ནས་ལོ་ཁ་ཤས་སོང་རྗེས་བྱིས་པ་ཚོར་ལས་ཀ་ཡོད་པས་ངས་གང་སར་གླ་པ་བྱས་ནས་ཡོང་འབབ་གསོག་མི་དགོས་ལ། བྱིས་པ་ཚོ་འདི་ལྟར་རེ་རེ་བཞིན་དུ་སེམས་ཤེས་ཏག་ཏག་ཡིན་པས་ཁོ་ཚོའི་ཨ་མ་ཡང་ཕྱི་མའི་ཡུལ་ནས་སེམས་པ་བདེ་རྒྱུ་རེད་དྲན་བཞིན་ཡོད”ཅེས་ཡེ་གཅེས་ཀྱིས་དེ་ལྟར་བཤད། རྒྱང་རིང་ལ་བལྟས་ཤིང་ཆུང་མར་བཅངས་པའི་དྲན་གདུང་མཐའ་མེད་པའི་རྩྭ་ཐང་དུ་འཁོར་ཞིང་། མཛེས་སྡུག་གིས་བཞད་པའི་མེ་ཏོག་རྐང་རེ་རེ་ནི་འཇིག་རྟེན་དཀར་ངོགས་འདི་ནས་ཆུང་མ་དྲན་པའི་གདུང་བ་རེ་རེ་དང་ཅི་འདྲས་མཚུངས་པ་ལ་ཨང་།

བྱིས་པ་ཚོའི་མ་འོངས་པ་ནི་ཕ་ཡེ་གཅེས་་གྱི་མ་འོངས་པ་ཡིན་ལ། རྒྱལ་ཁབ་ཀྱི་སློབ་གསོའི་དབུལ་སྐྱོར་སྲིད་ཇུས་ཀྱིས་གྲོང་སྡེའི་བྱིས་པ་ཚོ་རྒྱལ་ཁམས་འགྲིམ་པར་རམ་འདེགས་བྱེད་བཞིན་ཡོད་པ་རེད།

ག། རྟག་ཏུ་དྲིན་གཟོ་བཅངས་ནས་སེམས་པ་ཏང་ལ་འཁོར།

གྲོང་སྡེ་གསར་པ་དང་རྣམ་པ་གསར་པ། གྲོང་མི་རྣམས་ལ་ཆེར་བསྐྱེད་ཀྱི་སྙིང་སྟོབས་ཡོད་པར་རེད། 2019ལོའི་སྤྱི་ཟླ7པའི་ཚེས18ཉིན་གྲོང་སྡེར་བཅའ་སྡོད་ལས་བྱེད་པས་ཡོང་འབབ་བགོས་དུས་གྲོང་མི་སྐལ་བཟང་སྒྲོལ་མ་ལ་སྒོར2000དང་། བསོད་ནམས་ལ་སྒོར1500 ཚེ་རིང་ལ་སྒོར4000ཡོད་འདུག་ཅེས་དངུལ་གྲངས་འདོན་བཞིན་མཆིས། ཡོང་འབབ་ལག་ལ་འཕྲོད་པའི་གྲོང་མི་ཡེ་གཅེས་འཛུམ་དམུལ་དམུལ་ངང་མཉམ་ལས་ཁང་བཙུགས་པ་ནས་བཟུང་ཁེ་སྤོགས་ཐེངས་གཉིས་བགོས་ཡོད། དུས་ཚོད་ཐུང་ཐུང་འདི་འདྲའི་ནང་ཁེ་སྤོགས་ཐེངས་རེ་ནས་རེར་ཇེ་མང་དུ་ཕྱིན་ཡོད། འདི་ནི་གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག་གིས་ཚང་མ་དང་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་རེད། ཁོ་ཚོས་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོ་ཚོས་འབད་བརྩོན་བྱས་ནས་ལོ་ཏོག་སྒང་གྲོང་སྡེ་འདི་ག་ས་གར་སྐད་གྲགས་ཁྱབ་ཏུ་བཅུག་ཡོད་ལ། ང་ཚོའི་ཞིང་པའི་འཚོ་བ་ཡང་ཇེ་ཡག་ནས་ཇེ་སྐྱིད་དུ་འགྲོ་བཞིན་ཡོད་ཅེས་བཤད། ཁམས་ཀྱི་མི་ཚོ་ལ་སྔར་ནས་གནག་ཕྱུགས་འཚོ་སྐྱོང་ལ་འཇོན་ཆེན་ཞེས་བརྗོད་སྲོལ་ཡོད་ཅིང་། གནག་ཕྱུགས་གསོ་ཚགས་བྱེད་པ་ནི་ལོ་ཏོག་སྒང་གྲོང་སྡེའི་སྲོལ་རྒྱུན་ཐོན་ལས་ཤིག་རེད། ལོ་ཏོག་སྒང་གྲོང་སྡེས་ལེགས་ཆ་དེ་དམ་འཛིན་བྱས་ནས2016ལོའི་སྤྱི་ཟླ8པར་ལོ་ཏོག་སྒང་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་དབུལ་ཐར་ཕྱུག་འགྱུར་གྱི་དམིགས་ཡུལ་མངོན་འགྱུར་བྱས་པ་རེད། མཉམ་ལས་ཁང་གིས་འབྲི70ཉོས་ནས་བཞོན་མ་གསོ་ཚགས་འཕེལ་རྒྱས་བཏང་སྟེ་གཙོ་བོ་ས་གནས་རང་ཉིད་ཀྱི་མར་དང་། ཞོ། འོ་མ་བཅས་ཐོན་སྐྱེད་བྱས་པས་ལོ་འཁོར་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར350འཕར་ཡོད་པ་རེད།

ཞིང་དུད་གནས་སྤོ་བའི་རྗེས་མཐུད་ཀྱི་འཕེལ་རྒྱས་གོ་རིམ་ལྡན་པ་དང་། གནས་སྤོ་ཐུབ་པ། བརྟན་པོར་སྡོད་ཐུབ་པ། འཕེལ་རྒྱས་གཏོང་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་འབྱུང་ཆེད། ལོ་ཏོག་སྒང་གྲོང་སྡེས་ལས་གཉེར་ཨུ་ཡོན་ལྷན་ཁང་དང་གྲོང་སྡེ་ཕྱུག་པོས་གྲོང་སྡེ་དབུལ་པོ་སྣེ་ཁྲིད་བྱས་ནས་སྤྱི་ཕན་ལས་གནས་མང་དུ་གཏོང་བའི་བྱེད་སྟངས་སྤྱད་དེ་དུད་ཚང་དབུལ་པོས་རང་དབུལ་ཐར་ཐུབ་པའི་འཇོན་ནུས་ཇེ་དྲག་ཏུ་བཏང་ནས་གྲོང་སྡེ་དེར་ལོ་ཏོག་སྒང་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། མཐོ་སྒང་གི་ཁྱད་ཆོས་ཀྱི་བཞོན་མ་དང་གནག་ཕྱུགས་གསོ་ཚགས་འཕེལ་རྒྱས་བཏང་བ། འབྲི་མའི་འོ་མ་དང་ཞོ། མར་སོགས་དཀར་ཆུའི་ཐོན་རྫས་བཟོ་སྣོན་བྱས་ནས་འཚོང་གི་ཡོད་པ་རེད། 2017ལོར་མཉམ་ལས་ཁང་གིས་འབྲི52ཉོས་ནས་གྲོང་སྡེ་ཡོངས་ཀྱི་ཞིང་དུད་ལ་བགོས་ནས་གསོ་ཚགས་བྱེད་དུ་བཅུག་ཡོད། 2017ལོར་ལོ་ཏོག་སྒང་སྡེའི་དུད་ཚང་དབུལ་པོ12ཚང་མ་དབུལ་ཐར་བྱས་ཐུབ་ཡོད་པ་རེད། 2019ལོ་ནས་བཟུང་ལོ་ཏོག་སྒང་སྡེའི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་འཁོར་ཡོང་འབབ་སྒོར་ཁྲི5ལ་ཡན་ཟིན་པ་དང་། གྲོང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར200ཡན་ལ་ཟིན་པ། ཐོན་ལས་རོགས་སྐྱོར་བྱས་པར་བརྒྱུད་གྲོང་སྡེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར500ཙམ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་བཅས་བྱས་པས་གྲོང་སྡེ་ཡོངས་ཀྱི་མང་ཚོགས་ཕྱུག་འགྱུར་འབྱོང་འབྲིང་གི་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།

ཡེ་གཅེས་ད་ལྟ་ནི་གྲོང་སྡེའི་ཆུ་བྲུག་པའི་དུས་ཀྱི་སྐོར་ཞིབ་པ་ཞིག་ཡིན་པ་དང་ལོ་འཁོར་རེར་གླ་ཆ་སྒོར3600རག་གི་ཡོད། གཞན་ཡང་གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག་གིས་ད་དུང་གྲོང་སྡེའི་ནང་ལས་ཀ་མེད་པའི་མི་ཚོར་ལས་ཀ་བྱེད་པའི་གོ་སྐབས་འཚོལ་རོགས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་དུ་བཏང་ཡོད། ཡེ་གཅེས་ཀྱིས་གྲོང་ཁྱེར་ནང་ཟུར་ལས་བྱས་ཡོད་པས་ཉིན་རེར་གླ་ཆ་སྒོར150རག་གི་ཡོད།

ཡེ་གཅེས་ཀྱིས་ངས་དོན་ཆེན་གང་ཡང་སྒྲུབ་མི་ཐུབ། ཚང་མའི་ཆེད་དུ་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་སྒྲུབ་ཐུབ་རྒྱུ་བྱུང་ཚེ་ང་ཡང་ཧ་ཅང་དགའ་པོ་ཡོད་ཅེས་བཤད། པད་མའི་སེམས་སུ་གསལ་པོ་ཡོད་པ་ནི་ལོ་ཞིག་ལ་གྲོང་སྡེའི་མཐའ་སྐོར་དུ་འདམ་རྡོའི་ཆུ་རུད་བྱུང་ནས་ས་རྡོ་ལམ་ངོས་སུ་འཁྱིལ་ནས་གཞུང་ལམ་བཅད། པད་མས་ལག་ཆ་བཟུང་ནས་ཡུལ་དངོས་སུ་འདམ་རྡོའི་ཆུ་རུད་གཙང་སེལ་བྱེད་དུ་སོང་དུས་ཡེ་གཅེས་སྔར་ནས་དེར་སླེབས་ཏེ་གཙང་ཤེར་བྱེད་མགོ་བཙུགས་ཏེ་ལམ་འཕྲུལ་རིགས་ཤར་གཏོང་ཐུབ་པ་བཟོས་ཚར་བ་དེ་ཁོ་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས། པད་མས་ཡེ་གཅེས་ནི་སྐད་ཆ་ཉུང་ལ་བྱམས་སེམས་ཅན་གྱི་མི་ཞིག་རེད་ཅེས་བསྔགས་བརྗོད་བྱས་པ་རེད།

པད་མ་ལགས། དེ་རིང་ངའི་ཁྱིམ་ལ་ཟ་མ་བཟའ་རུ་ཤོག ངས་ཤའི་མོག་མོག་བཟོས་ཡོད།

ལགས་སོ། ཕུ་བོ་ཡེ་གཅེས་ལགས། ཏག་ཏག་ངས་ཀྱང་དེ་རིང་ཤ་ཏོག་ཙམ་ཉོས་ཡོད། ཚུར་ཁུར་ཡོང་ནས་ང་ཚོ་མཉམ་དུ་བཟའ།

མུན་པ་རུབ་རན་སོང་། ཡེ་གཅེས་ཁྱིམ་ནང་གི་བརྙན་འཕྲིན་ནང་རྒྱུས་མངགས་ཆེ་བས་གླུ་རྙིང་པ་མའོ་ཀྲུའུ་ཞི་ཡི་བཀའ་དྲིན་གྱི་ང་ཚོར་བདེ་སྐྱིད་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་ཞེས་པ་གྲགས་བྱུང་། །

(ཨོ་རྒྱན་དོན་གྲུབ་ཀྱིས་བསྒྱུར།)