རྒྱ་མཚོའི་རླབས་ཕྲེང་བཞིན་རུ་བསྟར་བསྒྲིགས་པའི།
བདུད་གདུག་པ་ཅན་ཀྱི་རུས་གསེང་དུ་གབ་ཡོད་མི་སྲིད།
རྨི་ལམ་ནང་གི་ཡན་ལག་བརྒྱད་ལྡན་གྱི་གཙང་བོ།
རྩྭ་ཐང་ཡངས་པ་ཅན་ཞིག་ནས་ཤང་ཤང་གིས་བཞུར་གྱིན་ཡོད་པ་མ་ཡིན་ནམ།
ཉི་འོད་ཚ་ལམ་ལམ་ཁྲོད་ཀྱི་རྔུལ་ཆུ་དང་།
གནམ་གཤིས་གྲང་ཤུར་ཤུར་ནང་གི་བ་སྤུ་དང་འབྲེལ་བ་ཡོད་མི་སྲིད།
ཁོས་མེ་ལོང་ནང་གི་དཀར་ཐག་ཆོད་པ་དག་ཁོ་ན་ཉར་ནས།
འཇིག་རྟེན་འདིའི་རྒྱང་རིང་ཞིག་ཏུ་གཞིས་བཅས་ཡོད་པ་མ་ཡིན་ནམ།
ཕྱིར་ལྡོག་མེད་པའི་གནས་མལ་རེར་འབྱོར་དུས།
ས་ཚུགས་ཀུན་ནས་ཐུག་འཕྲད་བྱུང་བའི་གཞོན་ནུ་དེ་དག་ཀྱང་ཡིན་མི་སྲིད།
གཡའ་དག་པའི་ནམ་མཁའ་ནི་མིག་གིས་མ་མཐོང་།
རྣ་བས་མ་ཐོས། སྣས་མ་ཚོར།
སྨུག་སྤྲིན་གཞར་ཡང་མི་སྲིད་པའི་སྟོང་པ་དེ་མ་ཡིན་ནམ།
ཀྱེ། སློག་ཧྲུལ་ཁུད་ཀྱི་ཤ་དྲོད་དང་རྒྱང་བཀྱེད་ནས།
ཐག་རིང་ལ་ལག་པ་སྲིང་བའི་བདག་གི་མི་ཚོགས།
རི་རབ་ཀྱི་རྔམ་ཟིལ་དང་རྒྱ་མཚོའི་རླབས་ཕྲེང་གཏོར་དུས།
གདོང་ལ་མུན་པ་སེལ་བྱེད་ཀྱི་ཉི་མ་ཞིག་ཤར་ཡོད་པ་དེ་ག་རེ་ཡིན་ནམ།
རེ་སྒུག་གིས་བསྙེགས་པའི་དབྱར་ཁ་ལྟར་སྣང་འདིས་ལུས་སེམས་གཅུན་དུས།
ཁ་བ་འབབ་པའི་དགུན་ཟླ་ལ་ཕྱིར་མིག་བརྩེག་པ་ག་རེ་ཡིན་ནམ།
དགུང་སྔོན་པོའི་འོག་གི་ལུག་ཁྱུ་དང་འདྲ་བའི་སྤྲིན་དཀར་ཚོམ་བུ།
ནམ་མཁའི་སྒྲིབ་ཡོལ་ཡིན་ནམ།
༼ གཞི་ཚང་ཟླ་བ་གྲགས་པ། ༽