国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚེ་རབས་ཀྱི་མེ་ཏོག་དཀར་པོ།

ཐུགས་ཀྱི་མཁྱེན་པའི་ནམ་མཁའ་ཡངས་ཤིང་ཡངས།།

བྱམས་བརྩེའི་ཉི་འོད་ཟེར་མ་དྲོ་ཞིང་དྲོ།།

ཡིག་དྲུག་གཟུངས་སྔགས་སྙིང་བོ་སྙན་ཞིང་སྙན།།

དགའ་ཚལ་རིག་པའི་ལྡིང་ཁང་བརྗིད་ཅིང་ཆེ།།

སྐུ་ཡི་མུན་འཇོམས་བསིལ་རླུང་ལྡང་ཞིང་ལྡང་།།

སྙིང་རྗེའི་མཆོད་མེ་སེར་བོ་གསལ་ཞིང་འཚེར།།

བདེན་དོན་ཤེས་བྱའི་མེ་ཏོག་མཛེས་ཤིང་སྡུག།

མཚར་སྡུག་དཔལ་མཚོའི་ཁ་དོག་ལྗང་ཞིང་སྔོ།།

གསུང་གི་ཆོས་ཀྱི་ངེས་རྟོགས་ཤ་ར་ར།།

སྨོན་འདུན་དད་པའི་དྲི་བསུང་ཆིལ་ལི་ལི།།

ཞི་དུལ་བག་ཡོད་ཀུན་སློང་དཀར་ཀྲིག་ཀྲིག།

ལྟ་དཔྱོད་ཚེ་ཡི་འོད་སྣང་མདངས་ཀྱུག་ཀྱུག།

སྤྱན་ལ་བརྩེ་བའི་མེ་ཏོག་བཞད་ཅིང་མཛེས།།

དབུ་ལ་ཤེས་རབ་ལྷ་ཚོགས་འབྱོན་ཞིང་འཚོགས།།

ཕྱག་ལ་བ་སོའི་ཕྲེང་བ་འདྲེན་ཞིང་ཐོགས།།

མཛེས་པ་དར་གྱི་སྨད་གཡོགས་ཅན་མ་ཨེ།།

༼ གནུབས་རྒྱལ་མཚན། ༽