国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཅིན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་འཁོད་པའི་མི་ཉག་རྒྱལ་ཁབ་ཀྱི་སྐོར།

(ཡོན་རྒྱལ་རབས།)ཐོ་ཐོ་སོགས་ཀྱིས་བརྩམས།འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ།

མི་ཉག་རྒྱལ་ཁབ་ཀྱི་རྒྱལ་པོ་ནི་ལི་ཆན་ཧྲུན་ཡིན། དེའི་མེས་པོའི་མིང་ལ་ཐོ་པ་སི་ཀུང་ཟེར། དེ་ཐང་ཞི་ཙུང་གི་དུས་སུ་ཞ་ཀྲོའུ། སུའེ་ཀྲོའུ། དབྱིན་ཀྲོའུ། ཡུག་ཀྲོའུ་བཅས་ཀྱི་ཅེ་ཏུའུ་ཧྲི་ཡིན། ཁོ་དང་ལི་མའོ་ཀྲེན། ལི་ཁེ་ཡུང་སོགས་ཀྱིས་ཧོང་ཁྲའོ་གཏོར་ཕམ་བཏང་ནས་རྒྱལ་ས་ཕྱིར་བླངས་པས་རུས་ལི་ཞེས་པ་བསྩལ། ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་གནམ་འོག་ཏུ་ཟིང་ཆ་ཆེན་པོ་བྱུང་ཞིང་། ཡུལ་གྱི་དབང་རིས་སོ་སོའི་དམག་དཔོན་རྣམས་ཀྱིས་དྲག་པོའི་དཔུང་གི་སྦྱོར་བ་གཅིག་མཇུག་གཉིས་མཐུད་དུ་བཤམས་ཀྱང་། ཐང་གི་གནོད་རྐྱེན་དུ་མ་གྱུར་པ་ནི་ཞ་ཀྲོའུ་གཅིག་པུར་ཟད། རྒྱལ་རབས་ལྔའི་དུས་ནས་སུང་རྒྱལ་རབས་ཀྱི་བར་དུ་མི་རབས་དུ་མ་བརྒྱུད་ནས་ལི་ཡོན་ཧའོ་ཡི་དུས་ལ་སླེབས་དུས་གཞི་ནས་གོང་མའི་མིང་འཛིན་མགོ་བརྩམས། ལིའོ་རྒྱལ་ཁབ་ཀྱིས་ལི་ཡོན་ཧའོ་ལ་ཀོང་ཇོ་བག་མར་བསྩལ་བས་མི་རབས་རྒྱུད་དུ་ལིའོ་གོང་མ་མཇལ་བ་དང་སྐྱེས་བཏེགས། དེའི་སྐོར་ལིའོ་རྒྱལ་རབས་ཀྱི་ལོ་རྒྱུས་སུ་གསལ།

ཐེན་ཧྥུ་ཁྲི་ལོ་དྲུག་པར[②]ཅིན་རྒྱལ་ཁབ་ཀྱིས་ལིའོ་རྒྱལ་ཁབ་ཀྱི་དམག་དཔུང་གཏོར་ཕམ་བཏང་བར་བརྟེན། ལིའོ་ཡི་བདག་པོ་རི་བོ་དབྱིན་ཧྲན་གྱི་རྒྱུད་དུ་བྲོས། མི་ཉག་རྒྱལ་ཁབ་ཀྱི་དམག་དཔོན་ལི་ལེང་ཧྥུ་ཡིས་དམག་མི་སུམ་ཁྲིའི་སྣེ་འཚོས་ནས་ལིའོ་རྒྱལ་ཁབ་སྐྱོབ་ཏུ་འོངས། ཐེན་ཏེ་ཅུན[③]གྱི་ས་ཁོངས་ཀྱི་ཡེ་ཀུའུ་གྲོག་མོ་རུ་སླེབས་དུས། ཝན་ཡན་ཝོ་ཝུའུ་དང་ཝན་ཡན་ལོའུ་ཧྲི་གཉིས་ཀྱིས་ཆུ་བོ་དབྱི་ཧྲུའེ་ཡི་རྒྱུད་དུ་ཁོ་རང་ཕམ་པར་བྱས། ཡེ་ཀུའུ་གྲོག་མོ་བར་དུ་བདས་དུས་གྲོག་ཆུ་གློ་བུར་དུ་རྒྱས་ནས་དམག་མི་གྲངས་ཀྱིས་མི་ལོང་བ་ཆུས་ཁྱེར། ཝན་ཡན་ཙུང་ཝང་རི་བོ་དབྱིན་ཧྲན་དུ་འབྱོར་ཏེ་སྟབས་སྟུན་གྱིས་མི་ཉག་རྒྱལ་ཁབ་དང་འདུམ་གྲོས་བྱས་ཤིང་། ཁོས་མི་ཉག་ལ་སྤྲིངས་པའི་འཕྲིན་ཡིག་ཏུ་བརྗོད་དོན།“ཁོ་བོར་འབྱོར་བའི་གོང་མའི་བཀའ་ཡིག་ཏུ་འདི་བཞིན་དུ་གསུངས་ཡོད། ལིའོ་རྒྱལ་ཁབ་བཙུགས་རྗེས་ནས་མི་ཉག་གི་རྒྱལ་པོས་སྔ་ཕྱི་བར་གསུམ་དུ་ལིའོ་རྒྱལ་ཁབ་ལ་བློ་རྩ་དཀར་པོ་བཅངས་ཤིང་། ལིའོ་རྒྱལ་ཁབ་དཀའ་ཉེན་གྱི་དུས་ལ་ཐུག་དུས་ཀྱང་དམག་དཔུང་བཏང་ནས་སྐྱོབ་ཐབས་བྱས། ད་ལྟ་ངོས་ནས་ལིའོ་རྒྱལ་ཁབ་དབང་འོག་ཏུ་བསྡུས་པས། གལ་ཏེ་མི་ཉག་གིས་ལིའོ་རྒྱལ་ཁབ་ལ་ཞབས་ཞུ་བསྒྲུབས་པ་ཇི་བཞིན་རང་རེར་ཞབས་ཞུ་བསྒྲུབས་པ་དང་སྐྱེས་བཏེགས་ཚེ། ཁོ་ཚོ་མགོ་འདོགས་སུ་ཡོང་བ་བློ་དོགས་མེད་པར་དང་ལེན་གྱིས། གལ་ཏེ་ལིའོ་རྒྱལ་ཁབ་ཀྱི་བདག་པོ་མི་ཉག་ཏུ་སླེབས་ཚེ་ཁོ་རང་འཇུས་ནས་བསྐྱལ་དགོས་པའི་བཀའ་ཕབ་ཆོག”གསུངས། ཐེན་ཧུའེ་ཁྲི་ལོ་གཉིས་པར།[④]མི་ཉག་རྒྱལ་ཁབ་ཀྱིས་མནའ་གཙིགས་ཡི་གེ་ཐོག་མར་ཕུལ་བ་དང་། ལིའོ་རྒྱལ་ཁབ་ལ་ཞབས་ཞུ་བསྒྲུབས་པའི་གུས་ལུགས་ལྟར་རང་ཉིད་མངའ་འོག་རྒྱལ་ཕྲན་དུ་ཁས་འཆེས་ཤིང་དབང་རིས་ཀྱི་ས་སྐལ་སྩོལ་རྒྱུའི་རེ་བ་ཞུས་པས། ཝན་ཡན་ཙུང་ཧན་གྱིས་གོང་མའི་བཀའ་ལྟར་ཞ་ཀྲའེ་ཡི་བྱང་ཕྱོགས། རི་བོ་དབྱན་ཧྲན་གྱི་ལྷོ་ཕྱོགས། དབྱི་ཧྲི་ཡེ་ཀྭ་ཚོ་པའི་ཐུའུ་ལུའུ་ཕོ་ཡི་ནུབ་ཕྱོགས་བཅས་ཀྱི་ས་མི་ཉག་ལ་བསྩལ།

ཐེན་ཧྲུའེ་ཁྲི་ལོ་གཉིས་པའི་ཟླ་གསུམ་པར་ལི་ཆན་ཧྲུན་གྱིས་པ་ལི་ཀུང་ལེང་སོགས་མངགས་ནས་མནའ་གཙིགས་ཡི་གེ་ཕུལ། དེའི་ནང“བློན་པོ་ལི་ཆན་ཧྲུན་གྱི་ཞུ་མཆིད། ཟླ་འདིའི་ཚེས་བཅོ་ལྔའི་ཉིན་ལྷོ་ནུབ་དང་ནུབ་བྱང་ལམ་གཉིས་ཀྱི་ཏུའུ་ཐུང་དམག་དཔོན་གྱིས་གཡོན་གྲལ་གསལ་འདེབས་དཔོན་པོ་ཝང་ཅེ་རུའུ་སོགས་གཞུང་ཡིག་སྐྱེལ་དུ་མངགས་ནས་བཀའ་རྒྱ་མངོན་པར་བསྒྲགས། གལ་ཏེ་མི་ཉག་རྒྱལ་ཁབ་ཀྱིས་སྔོན་གྱི་བྱས་ཉེས་ལ་འགྱོད་བཤགས་དང་། ལིའོ་རྒྱལ་ཁབ་ཀྱི་བདག་པོ་བཟུང་ནས་བསྐྱལ་ཐོག་མནའ་གཙིགས་བཅས་ཏེ་མནའ་ཡིག་ཕུལ་ཚེ། ལིའོ་རྒྱལ་ཁབ་དུས་ཀྱི་སྔོན་སྲོལ་ལྟར་བྱེད་པ་དང་འབྲེལ་མནའ་གཙིགས་ཀྱི་བཀའ་ཡིག་ཀྱང་གནང་རྒྱུ་དང་། འབྱུང་འགྱུར་གྱི་དུས་སུ་རྐྱེན་ངན་གང་ཞིག་བྱུང་ཚེ་ཕན་ཚུན་གཅིག་རྒྱབ་གཅིག་རོགས་བྱ་རྒྱུ་ཞེས་བསྒྲགས་བྱུང་། བློན་པོ་ང་དང་ལིའོ་རྒྱལ་ཁབ་གཉིས་མི་རབས་རྒྱུད་དུ་གཉེན་གྱི་འབྲེལ་བ་སྐྱོང་བཞིན་ཡོད་ཅིང་། ཁོ་བོས་ལིའོ་ཡི་བློན་པོའི་མིང་འཛིན་གྱི་ཡོད། དེ་སྔོན་མ་བརྟགས་མ་གཞིགས་པའི་ངང་ལ་ལིའོ་ལ་དཔུང་རོགས་བྱས་པས་ཀླན་ཀའི་མགོ་བརྩམས་ཤིང་། གོང་མའི་རྔམ་ཟིལ་ལ་ཕོག་ཐུག་ཤོར་བས་ཞེ་འཁོན་བྱུང་། དེར་བརྟེན་ནས་གནམ་གྱི་དགོངས་བཞེད་དང་འགལ་བའི་ཉེས་པ་བསགས་ཤིང་། མཐར་ཐུག་དམག་དཔུང་ཆེར་ཕམ་པའི་སྡུག་བསྔལ་གྱི་ཀློང་དུ་ཚུད། ཡིན་ཡང་བྱམས་བརྩེའི་གསུང་ངག་གོང་ནས་བསྩལ་ཏེ་དེ་སྔོན་གྱི་ཉེས་པ་གུ་ཡངས་བཏང་བའི་ཐོག། ས་ཆ་བགོ་སྐལ་དུ་བསྩལ་ནས་མངའ་རིས་ཀྱི་མཐའ་འདབས་རྒྱ་བསྐྱེད། ཐུགས་དགོངས་ཡངས་པའི་ཀློང་ནས་བྱས་ཉེས་གུ་ཡངས་བཏང་བའི་སྐུ་དྲིན་བསམ་ཐེངས་བཞིན། ལྷག་བསམ་ཆེན་པོས་བསྙེན་བཀུར་ཞུ་རྒྱུའི་འདུན་པ་རྟག་ཏུ་རྒྱུད་ལ་སྐྱེ། ད་ནས་བརྩམས་ཏེ་ལོ་དུས་ལྟར་རྟེན་འབྲེལ་ཞུ་རུ་ཡོང་བ་དང་། སྐྱེས་དང་ཞུ་ཡིག་འབུལ་བ། ཕོ་ཉའི་འགྲོ་འོང་སོགས་མཐའ་དག་གཏན་ནས་གཏན་དུ་དེ་སྔོན་ལིའོ་རྒྱལ་ཁབ་ལ་བསྙེན་བཀུར་ཞུ་སྲོལ་ལྟར་བྱ་རྒྱུ་ཡིན། ཆི་ཏན་གྱི་བདག་པོ་རྨོངས་རྟུལ་དེ་ད་ལྟ་བློན་པོ་ངའི་ས་ཁོངས་སུ་མེད་ཅིང་། ནམ་ཞིག་བྲོས་ནས་འདི་གར་འབྱོར་ཚེ་དེ་མུར་འཇུས་ནས་འབུལ་རྒྱུ་ལས་འདིར་སྡོད་དུ་མི་འཇུག་མི་སྲིད། གལ་ཏེ་རྒྱལ་ཁབ་ཆེན་པོས་ཁོ་རང་གར་ཡོད་མཁྱེན་ཏེ་འདེད་སྙེག་གཏོང་མཁན་དམག་དཔུང་བཏང་ཚེ། ཁོ་བོས་སྔོན་ལྟར་དེའི་རྒྱབ་རོགས་བྱེད་མི་ཕོད་ཅིང་། ངེང་ཅག་གི་དམག་དཔུང་རོགས་སུ་དགུག་དགོས་ཚེ་དེ་བཞིན་བཀའ་རྩི་ངེས་ཡིན། རྒྱལ་ཕམ་གཞན་དང་ཡུལ་གྲུ་གཞན་གྱི་མི་ངེད་ཅག་གི་མངའ་ཁོངས་བརྒྱུད་ནས་གོང་མ་མཇལ་དུ་བསྐྱོད་དགོས་དུས་ཀྱང་བཀག་འགོག་གི་རིགས་བྱེད་མི་སྲིད། གོང་ཞུས་དོན་དག་འགའི་ཐད་དུ་བློན་པོ་བདག་གིས་ལྷག་བསམ་རྣམ་པར་དག་པ་འཆང་རྒྱུའི་དམ་བཅའ་བརྟན་པོ་བཞག་པ་ཡིན་ཞིང་། མི་རབས་རྒྱུད་དུ་འགྱུར་བ་མེད། གལ་ཏེ་དེ་ལས་འགལ་ཚེ་གནམ་ས་གཉིས་ཀྱིས་གསལ་གཟིགས་དང་། ལྷས་ཚར་གཅོད་པ་དང་། བྱུར་ཉེས་བུ་རབས་ཚ་རྒྱུད་ལ་འབྱུང་བ་དང་། རྒྱལ་ཁབ་གཞན་ལ་འཆོར་བར་ཤོག”ཅེས་ཞུས། ནུབ་བྱང་དང་ལྷོ་ནུབ་ལམ་གཉིས་ཀྱི་ཏུའུ་ཐུང་དམག་དཔོན་ཞེས་པ་ནི་ཝན་ཡན་ཙུང་ཧན་ལ་ཟེར་བ་རེད། དེ་ནི་དོན་འདི་ཝན་ཡན་ཙུང་ཝང་གིས་གོང་མ་ཐའེ་ཙུའུ་ཡི་བཀའ་ལྟར་མི་ཉག་རྒྱལ་ཁབ་ལ་འཕྲིན་ཡིག་བཏང་བ་དང་། ཝན་ཡན་ཙུང་ཧན་གྱིས་གང་ལ་གང་འགབ་ལྟར་མི་ཉག་ལ་ས་བྱིན་ནས་ཞི་འདུམ་བྱས་པ་ཞིག་རེད།

གོང་མ་ཐའེ་ཙུང་གིས་ཝང་ཨ་ཧའེ་དང་དབྱང་ཐེན་ཅི་གཉིས་མི་ཉག་རྒྱལ་ཁབ་ལ་ཕོ་ཉར་མངགས་ནས་མནའ་གཙིགས་ཀྱི་བཀའ་ཡིག་བསྩལ། དེའི་ནང“ཐེན་ཧུའེ་ཁྲི་ལོ་གཉིས་པ་སྟེ་ཤིང་འབྲུག་ལོའི[⑤]ཤོལ་ཟླ་གསུམ་པའི་ཚེས་གཅིག་གི་ཉིན། གོང་མས་མི་ཉག་རྒྱལ་ཁབ་ཀྱི་རྒྱལ་པོ་ལི་ཆན་ཧྲུན་ལ་མནའ་གཙིགས་བཀའ་ཡིག་སྤྲིངས་དོན། གོང་མ་སྔོན་མས་བཀའ་བསྒོ་དང་དུ་བླངས་ནས་མཛད་འཕྲིན་རྒྱ་ཆེན་པོ་བསྐྱངས། བློན་པོ་ཁྱོད་ཀྱིས་ཞ་ཡི་ས་ཆ་བཟུང་སྟེ་མཐའ་མཚམས་ལིའོ་རྒྱལ་ཁབ་ཀྱི་ནུབ་ཕྱོགས་དང་འབྲེལ་ལ། ལིའོ་ཡི་བདག་པོ་བླུན་རྨོངས་དེར་ཞབས་ཞུ་བསྒྲུབས་པས་གོང་མའི་དམག་དཔུང་དང་ཞེ་འཁོན་བྱུང་། གོང་མ་སྔོན་མས་ཁྱོད་རང་གང་ལ་བསྙེན་བཀུར་ཞུ་ཡུལ་དེར་བློ་དཀར་བར་དགོངས་ནས། དྲིན་གྱིས་སྐྱོང་ཅི་ཐུབ་གནང་ནས་ཉེས་པ་གུ་ཡངས་བཏང་། ངོས་ནས་གོང་མ་སྔོན་མའི་མཛད་འཕྲིན་གྱི་རྒྱུན་བསྐྱངས་རྗེས་བསྩལ་བའི་ཞལ་གདམས་ཀྱང་གུས་ཞབས་ཆེན་པོས་ཇི་བཞིན་སྒྲུབ་ལ་བརྩོན། བློན་པོ་ཁྱོད་ཀྱིས་སྔོན་གྱི་ནོར་འཁྲུལ་ལ་བསམ་གཞིགས་ཟབ་མོ་བཏང་། མངའ་འོག་ཏུ་དགའ་བས་ཞུགས། ཕོ་ཉའི་ཤིང་རྟར་རྒྱན་སྤྲས་ལེགས་པོས་སྐྱེས་བཏེགས། བློན་པོའི་གུས་ལུགས་ལྷུར་ལེན་གྱིས་རང་ཉིད་རྒྱལ་ཕྲན་དུ་ཁས་འཆེས་པས། ངོས་ནས་ཁྱོད་ལ་བྱམས་གཟིགས་དང་གཟི་བརྗིད་བསྩལ་ཏེ་མཐུན་ལམ་སླར་གསོ་ཡོང་བ་མཚོན་པར་བྱས། བསྩལ་བའི་མངའ་རིས་དང་། ཕོ་ཉ་འགྲོ་འོང་གི་གུས་ལུགས། ཕན་ཚུན་གཅིག་རམ་གཅིག་འདེགས་བྱེད་ལུགས་སོགས་ཚང་མ་གོང་མ་སྔོན་མའི་བཀའ་རྒྱ་དང་མཐུན་པར་བྱ། བཀའ་ལྟར་མི་ཉག་གི་དམག་དཔུང་འགུགས་གཏོང་བྱ་རྒྱུ་དེ་ཁྱོད་ཀྱིས་ཞུས་པ་ལྟར་ཆོག་པ་བཀའ་འཁྲོལ་བ་ཡིན། ཉི་ཟླ་སྐར་གསུམ་དགུང་ན་དཔང་པོར་བཞུགས་པས། ངོས་ནས་ཁ་དན་ཚིག་ལ་མི་གནས་པ་ཅི་ལ་སྲིད། གལ་ཏེ་གྲོས་དན་དང་འགལ་ཚེ་ངོས་ལ་ཡང་ཁྱོད་ཀྱིས་མནའ་དོར་བ་ལྟར་ཡོང་བར་ཤོག ཡུན་ནས་ཡུན་དུ་བསླབ་འདོམས་ལྟར་གནས་ཏེ་བློ་རྩ་དཀར་པོ་ནམ་ཡང་མ་འགྱུར་ཅིག”གསུངས།

དེ་ལྟར་སུང་དང་མི་ཉག་གཉིས་ཀར་ཧྲན་ཞིའི་ས་བསྩལ་བ་ཐོབ་མོད། སུང་གིས་དམག་བཏང་ནས་མི་ཉག་ལ་ཐོབ་པའི་ས་འཕྲོག་པས། ལི་ཆན་ཧྲུན་གྱིས་ཕོ་ཉ་མངགས་ནས་མནའ་གཙིགས་ཡི་གེ་བསྩལ་བར་དྲིན་གསོལ་ཞུས་པ་དང་འབྲེལ་སུང་གིས་ས་འཕྲོག་ཚུལ་ཞུས། དེར་གོང་མས་བཀའ་ཡིག་སྤྲིངས་དོན།“ཁྱོད་ཀྱིས་ཕུལ་བའི་ཞུ་ཡིག་མཐོང་ཞིང་གནས་ཚུལ་མཐའ་དག་གསལ་རྟོགས་བྱུང་། ད་ལྟ་ལྷོ་ནུབ་དང་ནུབ་བྱང་གི་ལམ་གཉིས་ཀྱི་ཏུའུ་ཐུང་དཔོན་ཤག་ལ་གང་འགབ་གཞིགས་ནས་ཐག་གཅད་དགོས་པའི་བཀའ་བཏང་ཟིན།”དུས་དེར་ཝན་ཡན་

ཙུང་ཧན་རྒྱལ་སར་གོང་མར་མཇལ་དུ་བཅར་ནས་ཕྱིར་ལོག་མེད་པས། མི་ཉག་རྒྱལ་ཁབ་ཀྱིས་ཕུལ་བའི་ཞུ་ཡིག་ངོ་བཤུས་ཀྱིས་ཏུའུ་ཐུང་དམག་དཔོན་ཚབ་མ་ཝན་ཡན་ཝོ་ལུའུ་ལ་སྤྲད་པ་དང་། སུང་གིས་མི་ཉག་ལ་གསར་དུ་ཐོབ་པའི་སར་བཙན་འཛུལ་བྱས་ཚུལ་དང་། ཕོ་ཉ་ཝང་ཧའེ་ཡིས་འཚམ་སྐྱེས་འཕྲོག་རྩོད་བྱས་ཚུལ་སོགས་མི་ཉག་པར་དྲིས་ནས་གནས་ཚུལ་གསལ་འབྱེད་ཀྱིས་ཝན་ཡན་ཝོ་ལུའུ་ལ་ཐག་གཅོད་དུ་བཅུག།

སྔོན་དུས་སུ་ཧྲན་ཞིའི་ཀྲོའུ་དགུ་སུང་ལ་བསྩལ་མོད། ཐེན་ཏེ་ནི་རྒྱང་ཐག་རིང་བའི་ཡུལ་དུ་གནས་པས་གནས་ཚུལ་ཛ་དྲག་ཆེ་དུས་ལེན་ཐབས་མེད་པར་གྱུར་པས་མི་ཉག་རྒྱལ་ཁབ་ལ་བྱིན། ཕྱིས་སུ་སུང་གི་རྒྱལ་ས་ཕབ་ནས་གོང་མ་གཉིས་བཟུང་རྗེས། ཧྲའན་ཞི་ཞིང་རུ་ས་མཚམས་ཕྱེ་བ་སྟེ། ལིངས་ཧྥུའུ་ལམ་གྱི་ལོ་དབྱང་གྲོག་མོའི་ཤར་ནས་རྨ་ཆུའི་ནུབ་འགྲམ་དང་། ནུབ་ཕྱོགས་སུ་ནོན་ཆོན་མཁར་རྫོང་བར་དང་།[⑥]ཧྥུའ་གཡན་ལམ་གྱི་སྨྲི་ཀྲི་གྲོག་མོ་ནས་ལེ་ཧྲེང་མཁར་རྫོང་བར། ཧོན་ཆིང་ལམ་གྱི་ཝེ་པེན་མཁར་རྫོང[⑦]བརྒྱུད་ཅིའུ་ཞིང་ཡོན་ནས་ཝེ་པུའུ་གྲོག་མོའི་འདབས་བར། ཅིང་ཡོན་ལམ་གྱི་ཝེ་ཁྲོན་མཁར་རྫོང་ནས་གནའ་བོའི་ཞའོ་ཀོན་ས་སྒོ་བསྐོར་ནས་པེ་ཀུའུ་ཁྲོན་བར། ཆིན་ཧྥེང་ལམ་གྱི་ཐུང་ཧོའེ་མཁར་རྫོང་ནས་གནའ་བོའི་ཧུའེ་ཀྲོའུ་བར། དེ་ནས་རྨ་ཆུའི་བར་བཅས་ད་ལྟའི་རྨ་ཆུའི་འབབ་ལམ་གཞིར་བཟུང་ནས་ཞི་ཧོ་ལམ་གྱི་ཁོངས་སུ་བཅད་པ་དང་། ནུབ་ངོགས་ཧྲིལ་བོར་མཚམས་ཕྱེ། ཡང་ཧྲའན་ཞིའི་བྱང་ཕྱོགས་བཅད་ནས་ཐེན་ཏེ་དང་ཡུན་ནེ་ལ་བརྗེས་ཤིང་རྨ་ཆུ་ས་མཚམས་སུ་བྱས།

ཝན་ཡན་ལོའུ་ཧྲི་ཡིས་ཧྲའན་ཞི་མངའ་འོག་ཏུ་བཅུག་རྗེས། ཕོ་ལུའུ་ཧོ་ཡིས་དམག་སྣེ་འཚོས་ཏེ་སྔོན་ལ་ཝེ་རོང་མཁར[⑧]ཕབ། དམག་དཔུང་ཝེ་རོང་གི་ཤར་དུ་སླེབས་མཚམས་དགྲ་དཔུང་དང་ཕྲད་པར་འཐབ་ནས་དགྲ་དཔུང་བཟློགས་ཤིང་མི་གཉིས་འཇུས། གནས་ཚུལ་འདྲི་དུས་མི་ཉག་གི་དམག་དཔོན་ལི་ཡུས་ཞེས་པ་ཝེ་རོང་ལེན་དུ་ཡོང་བ་རྟོགས། དེར་མི་དེ་ཕྱིར་མངགས་ཏེ་ལི་ཡུས་ལ་བརྡ་བཏང་ནས་འབྲེལ་གཏུགས་བྱས། ལི་ཡུས་ཀྱི་དམག་དཔུང་ཝེ་རོང་གི་ནུབ་ཕྱོགས་སུ་བསྡད་པ་དང་། ཝན་ཡན་ཕུའུ་ཁྲ་ཡི་དམག་དཔུང་ཝེ་རོང་གི་ཤར་ཕྱོགས་སུ་བསྡད། ཕོ་ཉ་མངགས་ནས་ཝན་ཡན་ལོའུ་ཧྲི་གྲོས་མོལ་བྱས་པར། ལོའུ་ཧྲི་ཡིས“དམག་སྤྱི་ལས་ཁུངས་ཀྱིས་ང་ཚོར། གལ་ཏེ་དམག་དཔུང་མི་ཉག་རྒྱལ་ཁབ་ཀྱི་ས་ཁོངས་དང་ཉེ་སར་སླེབས་དུས། མི་ཉག་གི་དམག་དཔུང་དང་ཕྱར་བ་གྲུ་འདེགས་བྱ་རྒྱུ་ལས་ཕན་ཚུན་འཐབ་འཛིང་མ་བྱེད་ཅེས་གདམས་ཡོད”ཟེར། ལི་ཡུས་ཀྱིས་ཕོ་ཉ་མངགས་ནས“མི་ཉག་རྒྱལ་ཁབ་ཀྱིས་ཐེན་ཏེ་དང་ཡུན་ནེ་གཉིས་རྒྱལ་ཁབ་ཆེན་པོར་བྱིན་ཟིན་ཅིང་། རྒྱལ་ཁབ་ཆེན་པོས་ཧྲའན་ཞིའི་བྱང་ཕྱོགས་ཀྱི་ས་ཆ་ངེད་ཅག་ལ་སྟེར་རྒྱུ་བྱས་ཡོད་པས་ཁོ་བོ་ཅག་འདིར་ཡོང་བ་ཡིན”ཟེར། དེར་ཝུན་ཡན་ཕུའུ་ཁྲ་སོགས་ཀྱིས་དམག་དཔུང་ཁྲིད་ནས་ཕྱིར་ལོག། རུའེ་ཙུང་གིས་ཧྲའན་ཞི་མངའ་འོག་ཏུ་བསྡུས་རྗེས་དམག་སྤྱི་ལས་ཁུངས་ཀྱིས་ཧྲའན་ཞིའི་བྱང་ཕྱོགས་ཀྱི་ས་མི་ཉག་རྒྱལ་ཁབ་ལ་སྟེར་དུ་མ་འདོད་པ་ལ། གོང་མས“བློན་པོ་ཁྱོད་ཅག་གིས་གང་འགབ་ལེགས་པར་བརྟགས་ནས་ཐག་གཅོད་པར་གྱིས”ཞེས་བཀའ་ཕབ། ༼ མུ་འགོད།༽