国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ནས་བརྟན་ཞིང་ལེགས་སུ་བཏང་།

སྤྱི་ཟླ8པའི་ཚེས2ཉིན་གྱི་ཕྱི་དྲོར་རང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྱོང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱིས2017ལོ་ཚུན་གྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་ཕན་འབྲས་ཁྱབ་བསྒྲགས་བྱས་པ་རེད།

ཚོགས་འདུའི་ཐོག་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་དང་ཁུལ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས། ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྔ་རྗེས་སུ་རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་གནས་ཚུལ་དང་། རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་འཛུགས་སྐྱོང་གི་ཁྱད་ཆོས། རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་བྱེད་ཐབས་གཙོ་བོ། ཕྱིན་ཆད་ཀྱི་ལས་ཀའི་བསམ་ཕྱོགས་དང་རང་ཁུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བརྒྱབ་ཚུལ། རང་ཁུལ་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འབྲེལ་ཡོད་གནས་ཚུལ་དང་ཉེ་བའི་ལོ་ཤས་རིང་རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འཐབ་ཇུས་ལག་བསྟར་བྱས་ཚུལ་སོགས་ཀྱི་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོ་མཛད་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་བྱས་པར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད། རང་ཁུལ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་མགོ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་འོག། རང་ཁུལ་གྱི་རིམ་ཁག་དང་སྡེ་ཚན་ཁག་གིས་མཉམ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་ནས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་གཞི་རྩའི་ཐོག་ཆགས་པ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་དུ་སྲ་བརྟན་ལེགས་སུ་ཕྱིན་ཏེ་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་ཞིག་ཐོན་ཡོད།།

(ལྷ་འཛོམས་ཀྱིས་བསྒྱུར།)