ཉེ་ཆར། ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ཅན་ཨན་སྤྱི་གཉེར་ཁང་གིས་སྐྲུན་འགན་འཁུར་བའི་དཀར་མཛེས་ལས་རིགས་སློབ་གླིང་གི་དུས་ཐེངས་དང་པོའི་ལས་གྲྭའི་སློབ་ཁྲིད་ཁུལ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་དེ་ལྕགས་ཟམ་རྫོང་ཁུག་རྟ་ལུང་པའི་གྲོང་རྡལ་དུ་སྤེལ་བ་རེད།
རྩིས་སྤྲོད་མཛད་སྒོའི་ཐོག་དཀར་མཛེས་ལས་རིགས་སློབ་གླིང་གི་ལས་གྲྭའི་འགན་འཁུར་བསEPCསྡེབ་འགན་གཙང་ལེན་གྱི་ཚབ་བྱས་ཏེ་དུས་ཐེངས་དང་པོའི་འཛུགས་སྐྲུན་བྱས་ཚུལ་སྙན་སེང་ཞུས་པ་རེད། ཚོགས་ཞུགས་མི་སྣའི་ཐུན་མོང་གི་དཔང་པོའི་འོག དཀར་མཛེས་ལས་རིགས་སློབ་གླིང་གི་སྡེ་བདག་སྡེ་ཚན་དང་བེད་སྤྱོད་སྡེ་ཚན་ཕྱོགས་གཉིས་ཀྱི་འཐུས་མིས་དུས་ཐེངས་དང་པོའི་ལས་གྲྭའི་སློབ་ཁྲིད་ཁུལ་གྱི་རྩིས་སྤྲོད་བེད་སྤྱོད་ཀྱི་ཞིབ་ཐོ་ལ་མིང་རྟགས་བཀོད་པ་དང་ཆབས་ཅིག སློབ་ཁུལ་སྒོ་ཕྱེ་བའི་མཚོན་རྟགས་མཚོན་པའི“གསེར་གྱི་ལྡེ་མིག”ཀྱང་སློབ་གྲྭའི་གྲ་སྒྲིག་ཚོགས་ཆུང་ལ་རྩིས་སྤྲོད་བྱས་པ་རེད།
དཀར་མཛེས་ཁུལ་ལས་རིགས་སློབ་གླིང་གི་ལས་གྲྭ་དེ་རང་ཁུལ་གྱི་ལྕགས་ཟམ་རྫོང་ཁུག་རྟ་ལུང་པའི་གྲོང་རྡལ་དུ་ཡོད་པ་དང་། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི40ལ་ཟིན་པའི་ནང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི22.8ལ་ཟིན་ཞིང(དེའི་ནང་སློབ་གསོའི་གླིང་ཁུལ་སྨི་གྲུ་བཞི་མ་ཁྲི14.25དང་།དངོས་སྦྱོང་ཁུལ་ལ་སྨི་གྲུ་བཞི་མ་ཁྲི9.4དང་། དེ་མིན་གྱི་འཆར་འགོད་དང་ལས་ཤག་ལ་སྤྱོད་པའི་ས་ཆ་ཡིན།)མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར10.59བཏང་ཡོད་པ་རེད།
དུས་ཐེངས་དང་པོའི་ལས་གྲྭའི་རྒྱ་ཁྱོན་འཛུགས་སྐྲུན་ཐོག་ཁང24ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི10.8ཡོད་པའི་ནང་སྲིད་འཛིན་ཐོག་ཁང་དང་། སློབ་ཁྲིད་ཐོག་ཁང་། དཔེ་མཛོད་ཁང་། ཉལ་ཁང་། ཟ་ཁང་བཅས་དང་། དེ་བཞིན་དངོས་སྦྱོང་གླིང་ཁུལ་གྱི་སློབ་མའི་བྱེད་སྒོ་སྤེལ་ཁང་སོགས་ཚུད་ཡོད་པ་རེད།
མིག་སྔར། དཀར་མཛེས་ལས་རིགས་སློབ་གླིང་གིས་སློབ་ཁྲིད་གྲ་སྒྲིག་ལ་བྲེལ་བཞིན་ཡོད་ཅིང་། སྤྱི་ཟླ9པར་སློབ་མ་བསྡུ་ནས་སློབ་མགོ་ཚུགས་རྒྱུ་དང་། སློབ་གླིང་གིས་ཡུལ་སྐོར་དོ་དམ་དང་། འབྲོག་ལས་ཕྱུགས་རིགས་སྨན་བཅོས། མི་རིགས་ཀྱི་འཁྲབ་སྟོན་སྒྱུ་རྩལ། གློག་རྡུལ་ཚོང་དོན། བདག་སྐྱོང་བཅས་ཆེད་ལས5བཙུགས་ནས་ཁག་དང་པོར་སློབ་མ1000ཙམ་བསྡུ་རྒྱུ་རེད།།
(མཁས་གྲུབ་ནོར་བུས་བསྒྱུར།)