མཁན་ཆོས་སྐྱོང་དགྲ་འདུལ།
བཅུ་ཕྲག་རིག་གནས་གང་གཱའི་བྱེ་མའི་ཁྱོན།།
ཡོངས་རྫོགས་སྐད་ཅིག་ལག་མཐིལ་རི་མོ་ལྟར།།
མ་འདྲེས་ཇི་བཞིན་ཐུགས་སུ་ཆུད་པ་པོ།།
འཆད་རྩོད་རྩོམ་གསུམ་དབྱར་གྱི་རྔ་བོ་ཆེས།།
གཏི་མུག་ལ་ཆགས་རི་དྭགས་གཉིད་ལས་དཀྲོག།
མཁས་མང་རྒྱུ་སྐར་བྱེ་བ་གྲངས་ཀྱི་དབུས།།
ཁྱེད་ནི་རྣམ་པ་གཅིག་ཏུ་རི་བོང་ཅན།།
རྣམ་དཔྱོད་འོད་ཀྱི་ཆ་ཤས་རེ་རེས་ཀྱང་།།
ལེགས་ཉེས་སྣང་བ་མུན་པ་གཉིས་སུ་འབྱེད།།
རྟག་ཏུ་ཞི་དུལ་བག་ཕེབས་ངང་གནས་པ།།
སྐྱེ་བོ་ཀུན་གྱི་མིག་དབང་ཅིག་ཅར་འཕྲོག།
ཐབས་དང་ཤེས་རབ་དབྱེར་མེད་ཟུང་འཇུག་གིས།།
ཐུབ་པའི་བསྟན་པ་གོ་ལའི་ཁྱོན་འདིར་སྒྲེང་།།
ཁྱེད་ནི་ཡུལ་འདིའི་རིན་ཆེན་དངོས་པོ་ཀུན།།
གཅིག་ཏུ་བསྡུས་ནས་བྱུར་བུར་གཏམས་པ་ཡིན།།
མཁན་དགའ་བ་ཚེ་རིང་།
མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ།།
བརྩོན་པའི་ཀོ་གྲུར་བརྟེན་ནས་སྐད་ཅིག་ཕྱིན།།
ཐོས་བསམ་ཤེས་རབ་མེ་དཔུང་ལྷབ་ལྷུབ་ཀྱིས།།
གཞུང་ལུགས་ངན་པའི་གཏམ་གྱི་ཚང་ཚིང་བསྲེགས།།
བཀའ་པོད་ལྔ་ཡི་དཀའ་གནད་ཟབ་མོའི་དོན།།
ཚུལ་བཞིན་འཆད་ལ་རིག་པ་རྣོན་པོའི་དབལ།།
སྐུ་གཟུགས་རི་རྒྱལ་ལྷུན་པོ་འགྱིང་ཉམས་ལ།།
ཡིད་འོང་སྤྱོད་ལམ་སྡུག་གུའི་རྒྱན་གྱིས་སྤྲས།།
རྟག་ཏུ་ཁྱེད་ཞལ་དམར་ནག་ཁྲོ་གཏུམ་འཁོར།།
སྤྱན་གཉིས་བུང་བ་ཟེའུ་འབྲུས་མྱོས་པ་བཞིན།།
དཀར་འོད་ཁྲ་མདངས་ཆིལ་ལེར་མས་ལ་གཟིགས།།
དྲག་པོའི་གསུང་ནི་བདུད་རྩི་ཆུ་ཡི་བཅུད།།
གང་ཞིག་སློབ་མའི་རྣ་བར་སིམས་གྱུར་ཚེ།།
དེ་ཡི་སྐྱོན་རྣམས་རྔུལ་ཆུ་དྲི་མ་འདག།
མཁན་མཆོག་ཁྱེད་ནི་སྒྲོན་མེའི་དཔལ་ལ་འགྲན།།