国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བར་ཐག་།

སེམས་ཀྱི་ཟབ་སར་འཁྱིལ་བའི་དྲོད་ཁོལ་དེ་ཇེ་གཉོམ།།

ཤ་རུས་གསེང་ལ་གནས་པའི་ཚོར་ཤེས་དེ་ཇེ་གཏིབས།།

ཅི་ཡང་མི་ཚོར་འཚོ་བའི་གཏིང་རིམ་དེ་མྱོང་ན།།

ལས་ཀྱིས་བཅད་པའི་འུ་གཉིས་བར་ཐག་དེ་ལོས་ཡིན།།

ཕྱི་ལ་འཁྲེང་སེམས་རྒོད་པའི་ངལ་དུབ་དེ་ཇེ་རྒྱས།།

རེ་སྨོན་ཐང་ལ་བཏབ་པའི་ངང་ཚུལ་དེ་ཇེ་སྡུག།

ཡོད་ཚད་རླུང་ལ་བསྐུར་བའི་ཡུལ་ཁམས་དེ་རིག་ན།།

འུ་གཉིས་ཁ་ཁར་གྱེས་པའི་བར་ཐག་དེ་ལོས་ཡིན།།

སྨོན་སེམས་རི་ལ་ཤོར་བའི་ཞེ་སྨྲེང་དེ་ཇེ་བརྟས།།

ངལ་བ་སྡེ་ལ་བཏང་བའི་ཞེད་སྣང་དེ་ཇེ་རྒོད།།

སྔངས་སྐྲག་ཀློང་ན་འཕྱན་པའི་སྣང་ཚུལ་དེ་མངོན་ན།།

ཁྱོད་དང་འུ་གཉིས་ཡོལ་བའི་བར་ཐག་དེ་ལོས་ཡིན།།

ཟོལ་སྦྱོར་གཤའ་མ་མཐོང་བའི་སྣང་ཚུལ་དེ་ཇེ་ཞན།།

ལྡོག་འཆར་འཕྲུལ་རྩལ་མངོན་པའི་ཁ་དོག་དེ་ཇེ་ཆེ།།

གཡོ་འཕྲུལ་དག་མ་རྟོགས་པའི་ཚོར་ཤེས་དེ་ཤེས་ན།།

བར་ཐག་དེ་ཡིས་བསླངས་པའི་ན་ཟུག་དེ་ལོས་ཡིན།།

བསམ་གཞིག་སྟོང་གིས་དེད་པའི་ལོ་ཟླ་དེ་ཇེ་རིང་།།

དྲན་ཤེས་དམར་པོས་གཙེས་པའི་ཉིན་ཞག་དེ་ཇེ་མང་།།

ལོ་ཟླའི་འཁོར་སྐྱོད་བར་གྱི་བཞུད་སྟངས་དེ་བརྒྱུད་ན།།

འགྱོད་སེམས་ཤིན་ཏུ་རྒོད་སའི་བར་ཐག་དེ་ལོས་ཡིན།།

གླེང་སློང་ཚ་རླབས་འཕྱུར་བའི་ཉིན་ཞག་དེ་ཇེ་བདོ།།

ཡིད་འཁེལ་རྩ་ནས་དབེན་པའི་འཆར་སྣང་དེ་ཇེ་གསལ།།

སུན་སྣང་དམར་བོས་སྐྱོམ་པའི་ཆ་བྱད་དེ་མཐོང་ན།།

བར་ཐག་དེ་ཡིས་དྲན་སེམས་སྐྱོམ་པ་དེ་ལོས་ཡིན།།

ཐོས་འཛིན་རྒྱང་ལ་ཀེར་བའི་ངང་ཚུལ་དེ་ཇེ་སྐྱོ།།

སྣང་དོགས་ཁམས་ལ་འགྱུ་བའི་ཞེན་སྣང་དེ་ཇེ་རྒོད།།

ཡིད་འཇགས་ཞེ་ནས་བྲལ་བའི་ཁ་དོག་དེ་མངོན་ན།།

སྣང་ཡུལ་བརྟན་བརླིང་དབེན་པའི་བར་ཐག་དེ་ལོས་ཡིན།།

ཞེ་སེམས་ཁོ་བོར་འཕྱན་པའི་དྲན་ཤེས་དེ་ཇེ་བརྟས།།

རྟོག་འགྱུ་ལྷོག་ལྷོག་འཕྱུར་བའི་སྣང་ཚུལ་དེ་ཇེ་ཚོར།།

བློ་ཡུལ་རབ་རིབ་སྣང་བའི་ཚོར་ཤེས་དེ་མྱོང་ན།།

རི་ཆུ་སྟོང་གིས་བཅད་པའི་བར་ཐག་དེ་ལོས་ཡིན།།

མིག་ཟུང་རྒྱང་ལ་ཀེར་བཞིན་སྣ་གླུ་དེ་ཇེ་འཐུ།།

ལག་གཡས་ཐོད་ལ་བཞག་པའི་ངང་སྒུག་དེ་ཇེ་ཟབ།།

སྣང་ཞེན་ཁམས་ན་རྩེན་པའི་ཚོར་བ་དེ་རྒོད་ན།།

དྲན་གདུང་འཇིངས་སུ་དེད་པ་བར་ཐག་དེ་ལོས་ཡིན།།

༼ ཙ་ཡུས་བཟོད་པ།༽