国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






པཎ་གྲུབ་བཅུ་བདུན་ལ་བསྟོད་པ་དད་སེམས་ཀྱིས་བསྒུལ་བའི་སྙན་ཚིག་།

ཀུན་རྟོག་སྤྲོས་པའི་དོན་གྱི་འཁྲུལ་སྣང་ལ། །

བདེན་ཞེན་ཚིག་གི་འཇའ་རིས་ཡོངས་གྲོལ་ནས། །

ཡེ་ནས་དག་པའི་སེམས་ཀྱི་སངས་རྒྱས་ཏེ། །

འཛིན་མེད་དྲན་པའི་དགྲ་ལ་ཕྱག་འཚལ་ལོ། །

རྣམ་དཔྱོད་རྩལ་གྱི་ལེགས་བྱས་གངྒའི་རྒྱུན། །

ཀུན་ཏུ་མི་ཟད་ནམ་མཁའི་མཐོངས་སུ་བཞད། །

འགྲོ་བ་དགའ་བའི་སྨན་གྱི་ལྗོན་པ་ཆེ། །

སློབ་དཔོན་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །

བསྟན་པའི་སྲོག་ཤིང་ཐེག་ཆེན་དར་སྤེལ་དང་། །

རྒོལ་ངན་སྲིན་པོས་བྲང་ཁོག་རྩ་ནས་བཅད། །

ཤིན་ཏུ་འཛུམ་པ་རྒྱལ་བའི་རྒྱལ་ཚབ་མཆོག །

སློབ་དཔོན་འཕགས་པ་ལྷ་ལ་ཕྱག་འཚལ་ལོ། །

རྣམ་དག་སེམས་ཀྱིས་སྒོམ་སྒྲུབ་ཀུན་ཏུ་མཛད། །

སྐད་ཅིག་ཙམ་ཡང་ཏིང་འཛིན་མ་བྲལ་པས། །

འཇམ་དཔལ་དབྱངས་ཀྱིས་སྙེམ་པ་གྲོལ་བའི་བུ། །

སློབ་དཔོན་སངས་རྒྱས་བསྐྱངས་ལ་ཕྱག་འཚལ་ལོ། །

འདི་ན་རྣམ་རྟོག་ག་པུར་ཅི་ཞིག་སྟེ། །

དོན་གྱི་མཆིང་བུས་མགྲིན་པ་མ་བརྫུས་པའི། །

འཆི་མེད་དོན་གྱི་ནམ་མཁའ་འཕོ་བ་སྟེ། །

སློབ་དཔོན་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །

ངམ་ནག་སྲིད་པ་གྲོགས་ཀྱིས་མ་བསྒྱུར་ཞིང་། །

འཁོར་བའི་ཕུན་ཚོགས་སེམས་ཀྱིས་མ་རེག་པའི། །

དམ་ཚིག་མཁའ་འགྲོས་གཏན་དུ་བསྲུངས་པ་སྟེ། །

སློབ་དཔོན་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །

མང་ཐོས་གཞུང་ལུགས་ཀུན་གྱི་མཁྱེན་པ་རྒྱས། །

ཟབ་དོན་གནས་ལུགས་བཤད་པར་མི་ཞུམ་པའི། །

ཚད་གཞུང་ལེགས་བཤད་མཚོ་མོའི་དོ་ཤལ་ཏེ། །

སློབ་དཔོན་ཕྱོགས་གླང་ཞབས་ལ་ཕྱག་འཚལ་ལོ། །

ཡོད་མེད་སྤྲོས་པའི་ཆོས་ཀྱི་རྣམ་གཞག་སྟེ། །

དོན་གྱི་སེམས་ཉིད་སེམས་ཀྱི་སྟོང་ཉིད་ལ། །

འཛིན་པ་མ་ཡིན་དམིགས་པ་མ་ཤོར་པའི། །

སློབ་དཔོན་ལེགས་ལྡན་འབྱེད་ལ་ཕྱག་འཚལ་ལོ། །

རྩ་བཞིའི་ཁྲིམས་ཀྱིས་སྤྱོད་པ་རབ་མཛེས་ཤིང་། །

ཉོན་མོངས་འདུལ་བའི་སེམས་ཀྱི་སྟོན་པ་ཆེ། །

ཤིན་ཏུ་བཀུར་འོས་དགེ་སྦྱོང་གསེར་ནག་མ། །

སློབ་དཔོན་ཡོན་ཏན་འོད་ལ་ཕྱག་འཚལ་ལོ། །

ལེགས་བྱས་བསོད་ནམས་དབྱར་གྱི་ཆབ་རྒྱུན་ནི། །

རྟག་ཏུ་མགོན་མེད་དམུས་ལོང་སྐྱེ་བོའི་ཚོགས། །

ལེགས་པར་སྩོལ་བའི་སེམས་ཀྱི་བདུད་རྩི་སྟེ། །

དཔལ་ལྡན་ཟླ་བ་གྲགས་པར་ཕྱག་འཚལ་ལོ། །

༡༠

བྱང་ཆུབ་མཚོ་ཡི་ལྗོང་ཤིང་ནགས་སུ་འགྲེམས། །

ཤིང་ལོ་རེ་རེར་མ་ལ་ཡ་ཡི་དྲི། །

ཀུན་ཏུ་ཁྱབ་ཅིང་ས་གཞི་འཛིན་མས་རྒྱན། །

སློབ་དཔོན་ཞི་བ་ལྷ་ལ་ཕྱག་འཚལ་ལོ། །

༡༡

རབ་ཏུ་ཕྱིན་པའི་ས་ཡི་རྒྱལ་པོ་ནི། །

ཚུར་རོལ་སྟོང་པའི་ཆོས་ཀྱི་བྲག་ཕུག་ཏུ། །

ཚེ་ཡི་འདུ་བྱེད་ཏིང་འཛིན་འཇོག་པའི་མི། །

འཕགས་པ་གྲོལ་སྡེ་གང་ལ་ཕྱག་འཚལ་ལོ། །

༡༢

ཀུན་གྱི་གཙོ་བོ་སེམས་ཀྱི་སྡོམ་པ་སྟེ། །

འདི་ཉིད་ཉམས་ན་ནམ་མཁའ་མི་མཐོང་བས། །

རྟག་ཏུ་འདི་ལ་འབད་པས་སྲུང་མཁན་ཏེ། །

སློབ་དཔོན་ཤཱཀྱ་འོད་ལ་ཕྱག་འཚལ་ལོ། །

༡༣

སྒྱུ་མའི་ཞེན་པ་སེལ་བའི་ཐབས་གཞན་ཞིག །

གང་དག་འཁྲུལ་བའི་ཡུལ་དུ་བསྒོམས་ནས་ནི། །

གཞི་མེད་སྟོང་པར་སྟོན་པའི་ལམ་སྟོན་མཁན། །

དཔལ་ལྡན་ཆོས་གྲགས་ཞབས་ལ་ཕྱག་འཚལ་ལོ། །

༡༤

མུན་པ་རུབ་པའི་ཕྱོགས་བཞིའི་འཇིག་རྟེན་འདིར། །

གཏན་དུ་ཕྱིར་མི་ལྡོག་པའི་ལམ་ཆེན་ཏེ། །

འོད་གསལ་སེམས་ཀྱི་བདེ་བ་སྩོལ་མཛད་མཁན། །

སློབ་དཔོན་ཞི་བ་འཚོ་ལ་ཕྱག་འཚལ་ལོ། །

༡༥

མདོ་བསྔགས་ཆུ་ཀླུང་རྒྱ་མཚོའི་མཐོངས་དབྱིངས་སུ། །

ཤིན་ཏུ་མི་འགྱུར་ལྷུན་གྱིས་ཡོངས་བཞུགས་ཤིང་། །

མང་ཐོས་རིག་པ་འཛིན་པའི་སྐྱེས་ཆེན་ཏེ། །

སློབ་དཔོན་སེངྒེ་བཟང་པོར་ཕྱག་འཚལ་ལོ། །

༡༦

བཀའ་བསྟན་རྒུད་པའི་དུས་ཀྱི་འགྱུར་བ་ཁྲོད། །

རླུང་འཚུབ་རྐྱེན་པས་གནམ་གྱི་མཐའ་བཀག་ཀྱང་། །

ཞུམ་མེད་འགྱིང་བའི་མཚམས་ཀྱི་རྡོ་རིང་སྟེ། །

པདྨའི་ངང་ཚུལ་ཞབས་ལ་ཕྱག་འཚལ་ལོ། །

༡༧

མཐའ་མེད་གནས་ནས་བོད་ཀྱི་ཡུལ་དུ་ཕེབས། །

གསང་སྔགས་བསྟན་པའི་དགྲ་བོའི་སྲོག་རྩ་གཅོད། །

འཇིགས་རུང་སྨག་ལ་སེམས་ཀྱིས་སྣུན་པ་པོ། །

དཔལ་ལྡན་ཇོ་བོ་རྗེ་ལ་ཕྱག་འཚལ་ལོ། །

༼ སད་མི། ༽