国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཟླ་འོད་འོག་གི་ ཆུང་འདྲིས།

འཇིགས་རུང་མུན་པ་ཡི་གཤོག་པ་ནག་པོ།།

རི་དྭགས་མཚན་མ་ཡིས་ཚལ་བརྒྱར་གཏོར་ཏེ།།

ཚེས་ཆེན་བཅོ་ལྔ་ཡི་ཟླ་འོད་འོག་ནས།།

ཡིད་འོང་ཆུང་འདྲིས་ཤིག་བྲིས་བློ་ཤར་བྱུང་།།

འར་འུར་ཟང་ཟིང་གི་འདུར་རྒྱུགས་ཀློང་ནས།།

ལྷིང་འཇགས་ཞིང་ཁམས་ཤིག་བདག་གིར་བཟུང་སྟེ།།

ཟེམ་ཟེམ་གོམས་བགྲོད་ཀྱི་དབྱངས་ཁུག་རེ་རེར།།

སྙིང་གཏམ་གསེར་སྦྲམ་གྱི་ཐིག་ལེ་འཁྱིལ་ཡོད།།

པད་མའི་བཞིན་རས་ཀྱི་ས་འཛིན་དཀར་པོར།།

གེ་སར་ལོ་ཟླ་ཡི་ཉི་ཟེར་བཀྱེད་དེ།།

ཟོལ་མེད་འཛུམ་མདངས་ཀྱི་དྲོད་ཁོལ་གསེབ་ནི།།

སྨྲེང་བའི་མཆི་ཞགས་ཀྱི་བཞུར་རྒྱུན་ཆགས་ས།།

ཐོ་རེངས་ནམ་དགུང་གི་སྐར་ཆེན་པ་སངས།།

རྒྱུ་སྐར་བྱེ་བ་ཡི་རྒྱལ་པོར་བཀོད་ན།།

མཉེན་ལྕུག་སྐྲ་ལན་ནས་དྲི་ངད་ཐུལ་བའི།།

སྨིན་ལེགས་ན་ཆུང་དེ་ཚངས་སྲས་ལོས་ཡིན།།

སྐྱིད་སྡུག་མི་ཚེ་ཡི་རྒྱུད་མངས་ཕང་འགྲོ།།

འཇམ་མཉེན་སོར་མོ་ཡིས་དལ་གྱིས་དཀྲོལ་ཏེ།།

རྒྱུ་འབྲས་གླུ་ཚིག་ཅིག་གདངས་སུ་བཀུགས་མཁན།།

ལུས་ཕྲ་རྐེད་མེད་མ་སྙིང་ལ་རྗེ་བོ།།

སེམས་ཀྱི་ལྷུན་པོ་ལ་སྤྱང་དང་བྱ་ཁྱི།།

ཁྲེལ་མེད་སྡེར་ཤད་ཀྱི་རྨ་ཁས་རུམ་ཡང་།།

སྙན་འཇེབས་གྲེ་འགྱུར་གྱི་ཁུ་བྱུག་སྔོན་མོས།།

ཆུ་ལ་ཆར་པ་ཡི་སྐྱོ་རོགས་གནང་བྱུང་།།

འཚོ་བའི་འབ་ཟངས་ལ་མི་ཆེན་དཔོན་པོས།།

མི་འདོད་འཇུ་ཐག་ལ་རྟོད་ཕུར་སྦྲགས་ཀྱང་།།

གངས་རི་རྩྭ་ཐང་གི་རི་ཀླུང་བརྒལ་བའི།།

སྙིང་སྟོབས་གོ་ཆ་ལ་ངར་ཁ་བརྟས་མཁན།།

ལྷུན་སྡུག་རབ་དཀར་གྱི་ཟླ་འོད་འོག་ན།།

གཡེང་མེད་གྲིབ་གཟུཊ་ཀྱི་ཆུང་འདྲིས་བྱམས་པ།།

ཡིད་ཀྱི་ཟབ་ས་ན་ཁྲ་ལེར་བཞད་པའི།།

གཡུ་ལོ་འདབ་སྟོང་གི་མེ་ཏོག་ལྷ་མཛེས།།

༼ སྲད་འདབ་གསར། ༽