国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་སློབ་མའི་བཟའ་བཅའི་འཚོ་བཅུད་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་།

པར་འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་སྒང་ལུང་ཡུལ་ཤོག་གི་ཞག་སྡོད་ལྟེ་གནས་སློབ་ཆུང་གི་སློབ་མ་ཚོས་ཟ་མ་བཟའ་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ10པའི་ཚེས7ཉིན་འབྱོར་བའི་གློག་འཕྲིན། ཤ་ཁུ། མོག་མོག། སུར་སྔོན་ཟོག་ཤ་རྔོད་མ། ཐུད་པ་བཅས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་སྒང་ལུང་ཡུལ་ཤོག་གི་ཞག་སྡོད་ལྟེ་གནས་སློབ་ཆུང་གི་ཉིན་གཅིག་གི་ཟས་སྦྱོར་བྱེད་སྟངས་རེད། སློབ་གྲྭའི་ཟ་ཁང་གིས་ཚན་རིག་དང་མཐུན་པ་ཟས་སྦྱོར་བྱས་ནས་བཟའ་བཅའི་འཚོ་བཅུད་དོ་མཉམ་བྱས་པ་རེད།

ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་ཆེད་རམས་པ་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་སློབ་མའི་བཟའ་བཅའི་འཚོ་བཅུད་ཁྲིད་སྟོན་གྱི་ལག་དེབ》དངོས་སུ་པར་སྐྲུན་བྱས་ཡོད། དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྔ་བས་ཚན་རིག་དང་མཐུན་པར་འཚོ་བཅུད་ཀྱི་བདེ་ཐང་སློབ་གསོ་དང་སློབ་གྲྭའི་ཟས་སྦྱོར་ལས་དོན་ལ་ཁྲིད་སྟོན་བྱས་མཐར། བཟའ་བཅའི་འཚོ་བཅུད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཚན་རིག་དང་མཐུན་པའི་འཚོ་བཅུད་འདུ་ཤེས་དང་བཟའ་བཏུང་གི་གོམས་གཤིས་ཆགས་བཅུག་ཆེད་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་ནི་མི་རིགས་མང་པོ་མཉམ་འདུས་ཀྱི་མཐོ་སྒང་ས་ཁུལ་ཡིན་པས་ས་གནས་སོ་སོའི་བཟའ་བཏུང་རིག་གནས་ལ་ཧེ་བག་ཆེན་པོ་ཡོད་པ་དང་། ཞིང་འབྲོག་ས་ཁུལ་གྱི་བྱིས་པའི་ལོ་ཆུང་ཚོའི་བཟའ་བཅའི་འཚོ་བཅུད་བྱེད་སྟངས་རྒྱུས་མངའ་དེ་ཙམ་མེད་པས་མ་ཚད་བཟའ་བཅའ་སྣེ་གཅིག་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་ཟོན་ཚོད་འཛིན་ལྟེ་གནས་ཀྱི་འགན་འཁུར་མི་སྣས་བཤད་དོན། སྤྱི་ཚོགས་ཡོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་མའི་འཚོ་བཅུད་བདེ་ཐང་ལ་མཐོང་ཆེན་བླ་ན་མེད་པར་བྱས་ནས་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འཚོ་བཅུད་བདེ་ཐང་གི་དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཆུང་དུས་ནས་བདེ་ཐང་བཟའ་བཏུང་གི་སྤྱོད་ཚུལ་ཆགས་པ་བྱས་མཐར། ཁོ་ཚོའི་མི་ཚེ་ཧྲིལ་པོའི་བདེ་ཐང་ལ་རྨང་གཞི་ཡག་པོ་འདིང་དགོས།།

(ཨ་མགོན་གྱིས་བསྒྱུར། )