ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10ཚེས9ཉིན་གློག་འཕྲིན་འབྱོར་གསལ། ཚེས9ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས་ད་ལོ་ནི་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ110འཁོར་བ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་ལོ་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཡུལ་ཕྱོགས་སུ་སྐྱོད་བཞིན་ཡོད། དུས་སྐབས་གལ་ཆེན་འདིར་ང་ཚོ་འདི་གར་འདུ་འཛོམས་གཟབ་རྒྱས་བྱས་ཏེ་སྐུ་ཞབས་སུན་ཀྲུང་ཧྲན་སོགས་གསར་བརྗེའི་སྔོན་བྱོན་པའི་ལོ་རྒྱུས་ཀྱི་མཛད་རྗེས་ལ་དྲན་གསོ་ཞུ་བ་དེ་ནི་ཁོང་ཚོས་ཀྲུང་ཧྭ་དར་རྒྱས་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་པའི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་དར་སྤེལ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུར་སྐུལ་ལྕག་དང་མཐུན་སྒྲིལ་བྱ་རྒྱུ་དེ་ཡིན་ཞེས་ནན་གསུང་གནང་བ་རེད།
ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་གྱི་རྣམ་པ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་འཁོལ་ཞིང་། ཀྲུའུ་ཞི་སྡིངས་ཆའི་སྟེང་དུ“ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན”གྱི་ཚོགས་རྟགས་བཀལ་ཡོད་པ་དང་རྒྱབ་ཀྱི་ཡོལ་བའི་དཀྱིལ་དུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་པར་བཀལ་ཡོད་ལ། གཞོགས་གཉིས་སུ་དར་དམར་བཅུ་བསླངས་པའི་ཐོག་གི“1911”དང“2021”ཡིག་འབྲུ་དེ་བས་མངོན་གསལ་དོད་པོ་ཡོད།
སྔ་དྲོའི་ཆུ་ཚོད10པར་ཚོགས་ཆེན་མགོ་ཚུགས་ཤིང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
(པར་ངོས་གཉིས་པར་གཟིགས།)