སྤྱི་ཟླ10ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་ཁྲོན་བོད་ལྕགས་ལམ་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་ལྷན་ཚོགས་ཀྱི་མགོ་འཛིན་ཞུས་ཅན་ཅུན་དང་བཅས་པར་མཇལ་འཕྲད་གནང་ནས། ཕྱོགས་གཉིས་ཀས་སྔར་བས་སྤུས་དག་ཅིང་ཕན་ཆོད་མཐོན་པོས་ཁྲོན་བོད་ལྕགས་ལམ(དཀར་མཛེས་ཁུལ་གྱི་དུམ་བུ)ཇེ་མགྱོགས་སུ་བསྐྲུན་རྒྱུར་དམིགས་ནས་སྤེལ་རེས་དང་བཞུགས་མོལ་གནང་བ་རེད།
ཧྲེན་དབྱང་གིས་ཁྲོན་བོད་ལྕགས་ལམ(དཀར་མཛེས་ཁུལ་གྱི་དུམ་བུ)སྐྲུན་མགོ་ཚུགས་པ་ནས་བཟུང་དཀར་མཛེས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁོངས་གཏོགས་ཀྱི་འགན་འཁྲི་མ་སྐུལ་དང་བླངས་ཀྱིས་འཁུར་བ་དང་། འགན་འཁྲི་འཁུར་ཕོད་པ། གཞོགས་འདེགས་ཧུར་ཐག་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་ཞབས་ཞུ་དང་དྲིལ་བསྒྲགས་སྐུལ་སློང་སོགས་ཀྱི་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་ཨར་ལས་ཀྱི་ཁོར་ཡུག་བཟང་པོ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞི་བདེ་བླག་ངང་སྤེལ་བར་འགན་ལེན་བྱས་ཡོད། ཁྲོན་བོད་ལྕགས་ལམ་སྤྱི་གཉེར་ཁང་གི་ལས་གཞི་སྐྲུན་པའི་བརྒྱུད་རིམ་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཉེན་མེད་ཐོན་སྐྱེད་ལ་དོ་སྣང་བྱས་ཏེ་རང་རྟོགས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ལས་དོན་ནང་ཞུགས་རྒྱུའི་རེ་བ་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་ནས་ལས་ཞུགས་ལས་གནས་མཁོ་འདོན་དང་། ཐོན་ཁུངས་བེད་སྤྱོད་ལ་མཐོང་ཆེན། ཐོན་ལས་འཕེལ་རྒྱས་ལ་རོགས་རམ། དམངས་འཚོ་ལེགས་བཅོས་ལ་རོགས་རམ་བྱ་རྒྱུ་སོགས་ཀྱི་ཐད་བྱས་རྗེས་གསར་པ་དེ་བས་ཆེན་པོ་འཇོག་དགོས་ཞེས་གསུངས་པ་རེད།
ཞུས་ཅན་ཅུན་གྱིས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་བླ་ན་མེད་པའི་མཐོང་ཆེན་དང་། སྒྲིག་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མ་སྐུལ་དང་བླངས་ཀྱིས་མཐུན་སྦྱོར་དང་གཞོགས་འདེགས། ལས་གཞི་འཛུགས་སྐྲུན་ནང་བྱུང་བའི་རིགས་སྣ་ཚོགས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བཅས་བྱས་ནས་ཁྲོན་བོད་ལྕགས་ལམ་བདེ་བླག་ངང་བསྐྲུན་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད། ཁྲོན་བོད་ལྕགས་ལམ་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་དང་འབྲེལ་གཏུག་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སེམས་ཤུགས་གཅིག་སྒྲིལ་གྱིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལྕགས་ལམ་བརྒྱུད་ཡུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་ནུས་པ་ཧུར་ཐག་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)