ཉེ་ཆར། དཔལ་ཡུལ་རྫོང་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཅུས་ཀྱིས་དམག་ཞབས་ཐིམས་པའི་དམག་མི3སློབ་གྲྭར་གདན་དྲངས་ནས་གསར་བརྗེའི་རིག་གནས་སློབ་གྲྭར་སྤེལ་བའི་བྱེད་སྒོ་སྤེལ་བ་དང་།གོ་བསྐོན་བློ་འགུག་གི་སྐད་ཆའི་རྒྱ་ཆེའི་དགེ་སློབ་ཚོར་གསོན་ཉམས་ལྡན་པའི་གསར་བརྗེའི་སློབ་གསོའི་སློབ་ཁྲིད་བྱས་པ་རེད།
སློབ་ཁྲིད་བྱེད་སྐབས། དམག་ཞབས་ཐིམས་པའི་དམག་མི3གྱིས་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བའི་དཔའ་བོའི་འཐབ་འཛིང་གི་བྱས་རྗེས་དང་། དམར་དམག་རྒྱང་བསྐྱོད་བྱེད་སྐབས་དཀར་མཛེས་ཁུལ་གྱི་རྫོང་ཁག་དང་། དཔལ་ཡུལ་མང་ཚོགས་བཅས་བར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་བཤད་ཁྲིད་གནང་བ་དང་། རྫོང་དེའི་ཆ་ཚང་སློབ་ཆུང་གཉིས་པ་དང་གསུམ་པའི་དགེ་སློབ་ཚོར་གསོན་ཉམས་དོད་ལ་སློབ་གསོའི་དོན་སྙིང་ལྡན་པའི་གསར་བརྗེའི་ལོ་རྒྱུས་སློབ་ཁྲིད་བྱས་པས། རྒྱ་ཆེའི་དགེ་སློབ་ཚོ་ཏང་དང་མེས་རྒྱལ། ཕ་ཡུལ་ལ་དགའ་ཞེན་གྱི་སྤྲོ་སེམས་རབ་ཏུ་འཕེལ། དམག་ཞབས་ཐིམས་པའི་དམག་མི3གྱིས་སློབ་མ་ཚོར་འདས་ཟིན་པའི་ལོ་རྒྱུས་སེམས་སུ་བཅངས་ནས། སྔོན་བྱོན་གསར་བརྗེ་བ་རྣམས་ཀྱིས་དཔའ་མཛངས་ཀྱི་གཏོང་ཕོད་མི་བརྗེད་པར་མ་ཟད། ཡིན་མིན་གསལ་འབྱེད་བྱས་ཏེ་དེང་སང་གི་སློབ་སྦྱོང་ཁོར་ཡུག་དང་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱས་ནས། རང་རྟོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་སློབ་སྦྱོང་འབད་བརྩོན་བྱས་ནས་མེས་རྒྱལ་དང་། སྤྱི་ཚོགས། ཕ་ཡུལ་བཅས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱ་དགོས་པའི་རེ་བ་བཏོན་པ་རེད།
རྫོང་ཆ་ཚང་སློབ་ཆུང་གི་ལོ་རིམ་གསུམ་པའི་འཛིན་གྲྭ་བཞི་པའི་སློབ་མ་ཀུན་བཟང་བསྟན་འཛིན་གྱིས “སྤོ་བོ་ལགས་ཀྱི་གཏམ་བཤད་ལ་ཉན་རྗེས། ང་ལ་ཚོར་ཤེས་ཟབ་མོ་ཐོབ་བྱུང་། སློབ་དུས་འདིར་ང་ཚོས་ཀྱང་རྒྱང་བསྐྱོད་སྙན་ངག་ཚན་པ་བདུན་ཟེར་བའི་སྙན་ངག་ཅིག་སྦྱངས་པ་དང་། དེ་ནི་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གིས་བརྩམས་པ་ཞིག་རེད། དེའི་ནང་དུ་ཚན་པ་འདི་འདྲ་ཞིག་བྲིས་ཡོད་སྟེ‘རི་ཀླུང་ཁྲི་སྟོང་ཡོད་ཀྱང་སྣང་མེད་བཞག དམར་དམག་རྒྱང་སྐྱོད་བྱེད་པར་ག་ལ་སྐྲག ’ཞེས་པའི་སྙན་ཚིག་ཅིག་བྲིས་ཡོད་པ་དང་།སྙན་ངག་དེའི་ནང་དུ་སྐབས་དེར་དམར་དམག་ལ་འཕྲད་པའི་དཀའ་ངལ་གསལ་པོར་བྲིས་ཡོད་པས། ངས་ད་ལྟའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས་བྱུང་བས། སླད་ཕྱིན་ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
སློབ་གྲོགས་ཚོས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ནས་རང་ཉིད་ཀྱིས་དམར་དམག་གི་ལོ་རྒྱུས་དང་ལྷག་པར་དུ་དཔལ་ཡུལ་གྱི་ལོ་རྒྱུས་ལ་སྔར་བས་ཤེས་རྟོགས་བྱུང་བས་གསར་བརྗེའི་སྔོན་བྱོན་པ་ཚོའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་རིག་གནས་ཤེས་བྱ་ལ་སློབ་སྦྱོང་ཧུར་ཐག་བྱས་ཏེ་འཚར་ལོངས་བྱུང་རྗེས་ཕ་ཡུལ་འཛུགས་སྐྲུན་དང་མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།།
(རྟ་མགྲིན་རྡོ་རྗེས་བསྒྱུར།)