国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྱད་འཕགས་ཐོན་ལས་གསོ་སྐྱོང་སྟོབས་ལྡན་བྱས་ཏེ་ཡུལ་སྡེ་དར་རྒྱས་གཏོང་བའི་སྒུལ་ཤུགས་ངར་སློང་བྱས།

སྤྱི་ཟླ10ཚེས17ཉིན་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ཏེང་ལི་ཅུན་གྱིས་ལི་ཐང་རྫོང་དུ་ཁྱད་ཆོས་ཀྱི་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས་སོགས་ཀྱི་ལས་ཀར་བརྟག་ཞིབ་གནང་བ་རེད། ཁོང་གིས་ཐོན་ལས་འཕེལ་རྒྱས་ནི་དམངས་ཕྱུག་རྫོང་དར་གྱི་རྩ་བ་ཡིན་ལ་ཡུལ་སྡེ་དར་རྒྱས་གཏོང་བའི་གཞི་རྟེན་ནུས་ལྡན་ཞིག་ཀྱང་ཡིན་པས། ལི་ཐང་རྫོང་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གླིང་ཁུལ་ཆེན་པོ་འཛུགས་སྐྱོང་དང་རྟེན་གཞི་ཆེན་པོ་འཛུགས་སྐྲུན། ཐོན་ལས་ཆེན་པོ་འཛུགས་སྐྱོང་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཅངས་ནས་ཁྱད་ཆོས་ཀྱི་ཁྱད་འཕགས་ཐོན་ལས་གསོ་སྐྱོང་སྟོབས་ལྡན་བྱས་ཏེ། ཡུལ་སྡེ་དར་རྒྱས་གཏོང་བའི་ནང་གནས་སྒུལ་ཤུགས་ངར་སློང་བྱས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་མགྱོགས་མྱུར་དུ་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

“ད་ལྟའི་བར་མ་དངུལ་ག་ཚད་བཏང་ཡོད། ན་ནིང་ལོའི་ཡོང་འབབ་ཅི་འདྲ་འདུག། ཞིང་དུད་ག་ཚད་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། མིག་སྔར་འཕྲད་པའི་དཀའ་ངལ་གང་དག་ཡོད”ཅེས་ཏེང་ལི་ཅུན་གྱིས་དེ་ལྟར་དྲིས། ལི་ཐང་རྫོང་མཚོ་གསུམ་དེང་རབས་སྐྱེ་ཁམས་ཞིང་ལས་གླིང་ཁུལ་དུ་ཏེང་ལི་ཅུན་ལ་ཕུག་ལས་སྣོན་འཁོར་ཁང་དུ་ཕེབས་ཏེ་གླིང་ཁུལ་དུ་བཅའ་སྡོད་བྱེད་མཁན་ཁེ་ལས་ཀྱི་འགན་འཁུར་བ་དང་ཐོན་ལས་དང་ཡོང་འབབ། འཕེལ་རྒྱས་བཅས་ཀྱི་སྐོར་གླེང་ཞིང་། ཁོང་གིས་ལི་ཐང་རྫོང་དུ་དྭངས་གཙང་གི་མཁའ་རླུང་དང་སྦགས་བཙོག་མེད་པའི་ས་རྒྱུ།དྭངས་གཙང་གི་ཆུ་མགོ། ཉི་འོད་འདང་ངེས་བཅས་ཡོད་པས་འབྱུང་འཕྲོད་ཞིང་ལས་ཐོན་རྫས་ཐོན་པའི་དམིགས་བསལ་གྱི་དགེ་མཚན་ཡོད་པ་རེད། མཚོ་གསུམ་དེང་རབས་སྐྱེ་ཁམས་ཞིང་ལས་གླིང་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་གནད་དུ་བྱས་ནས་ཐོན་ལས་བཀོད་སྒྲིག་ཡག་པོ་བྱེད་པ་དང་། ཁྱད་ཆོས་སིལ་ཏོག་དང་སྔོ་ཚལ་ལ་དམིགས་ཏེ་གཞི་ཁྱོན་ཆེན་པོས་སྤུས་ལེགས་སྤུས་རྟགས་གཏོད་དགོས། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏང་དགོས་ཞེས་གསུངས་པ་རེད།

ལི་ཐང་རྫོང་གནག་ཕྱུག་ཐོན་ལས་དེང་རབས་ཞིང་ལས་གླིང་ཁུལ་དུ་ཏེང་ལི་ཅུན་གྱིས་གླིང་ཁུལ་གྱི་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་དང་གཟན་རྩྭ་་ལས་སྣོན་རྟེན་གཞི་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལྟ་ཞིབ་བྱས་ནས་གླིང་ཁུལ་གྱི་ལས་གཞིའི་འཛུགས་སྐྲུན་འཕེལ་རིམ་གྱི་གནས་ཚུལ་སྙན་ཞུ་ལ་གསན་པ་དང་འབྲེལ་ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་བྱས་ནས་བསམ་འཆར་སྤེལ་རེས་ཀྱང་བྱས་པ་རེད། ཁོང་གིས་ཞིང་འབྲོག་ལས་ཀྱི་ཁེ་ལས་ཀྱིས་ཡུལ་སྡེ་དར་རྒྱས་གཏང་རྒྱུར་རོགས་རམ་བྱེད་པའི་བརྩེ་སེམས་བཅངས་ནས་གཉེར་སྐྱོང་གི་རྣམ་པ་གསར་གཏོད་དང་ཚན་རྩལ་གྱི་འདུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཐོན་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ།“ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁེ་ལས་དང་ཞིང་འབྲོག་པ། གྲོང་སྡེ་བཅས་མཉམ་ཁེ་མཉམ་ཕན་ཡོང་བ་བྱ་དགོས་ཞེས་གསུངས་པ་རེད། རྟིང་མར་ཁོང་གིས་ཞིང་འབྲོག་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རེས་སྐོར་གསར་པའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། འདེབས་གསོ་བྱེད་སྟངས་དང་དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཞིབ་ཚགས་ཅན་དང་ཚན་རིག་ཅན། གཞི་ཁྱོན་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་ཕྱུགས་ཐོན་ལས་དེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་འགྱུར་བ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།(ལྷ་འཛོམས་ཀྱིས་བསྒྱུར།)