国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱ་མཚོའི་འགྲམ་གྱི་སྙན་ངག་།

ཐུགས་རྗེའི་དུད་སྤྲིན་འཁྲིགས་པའི་གཟི་བྱིན་ཅན།།

ཡིད་འོང་འཇོ་སྒེག་འཁུར་བའི་ཆོ་ག་མཁན།།

མཚོ་འཁྲུངས་ངང་བའི་བུ་མོ་གང་དེ་ཡིས།།

སྙན་ཚིག་དྲི་ཟའི་དབྱངས་ཀྱི་དཔྱིད་སྩོལ་ཅིག།

མི་ཚེའི་གོ་རིམ་གཙང་པོའི་རླབས་རིས་བཞིན།།

མི་རྟག་དུས་ཀྱིས་ཀུ་ཅོ་འཐེན་པའི་ཁྲོད།།

ད་ལྟའི་འཚོ་བར་གྱེས་བརྡ་གཏོང་བཞིན་དུ།།

ཚེ་ཡི་ཐ་མ་གང་ཡིན་སུ་ཡིས་རྟོགས།།

དཔྱིད་རླུང་འཇམ་པོས་ལུས་ཀྱི་སྤུ་ལོང་བསྒུལ།།

རྒྱ་མཚོའི་ངོས་སུ་ཟླ་བའི་ལང་ཚོ་འཕོས།།

དྲ་ཡོལ་རླུང་གིས་བསྐྱོད་པའི་གཙང་འགྲམ་ནས།།

སླར་ཡང་སྙན་ངག་བྲི་པའི་མདུན་པ་སྐྱེས།།

རྣམ་འབྱོར་ཉམས་ཀྱིས་མྱོས་པའི་དོ་ཧ་འཐེན།།

ལིས་པེ་ཆང་གིས་བཟི་བའི་སྙན་ངག་གྱེར།།

ཁོ་བོས་རྒྱལ་ཁམས་ཉུལ་བའི་ངང་ཚུལ་གྱིས།།

ཚོར་རྟོག་སྒྱུ་མའི་བྱིས་སྒྲུང་ཅིའི་མི་འབྲི།།

ཆུ་གཉེར་གཡོ་བའི་རླབས་རིས་བཞུར་བའི་ཁྲོད།།

མཚན་མོའི་མཛེས་སྡུག་འཕོག་པའི་ནུབ་མཐའ་ནས།།

འདས་པའི་གཏམ་རྒྱུད་འཁུར་བའི་སྙན་ངག་གིས།།

ཁེར་རྐྱང་བུ་ཡི་རྣམ་ཤེས་ཡོམ་ཡོམ་བསྒུལ།།

རྟོག་འགྱུའི་རླབས་སྒྲ་དཀྲོལ་བའི་རྣམ་འགྱུར་གྱིས།།

ཚོར་བའི་ཁྲག་གིས་མྱོས་པའི་སྙན་ངག་མཁན།།

མཚན་མོའི་དགུ་ཚིགས་དབུས་ཀྱི་ཟླ་འོད་ལ།།

ཡང་ཡང་འཁྲེང་བའི་ངང་ཚུལ་ལྷག་པར་གསལ།།

ན་ཆུང་སེམས་འདི་བྱ་སྤུ་ཡང་མོ་བཞིན།།

སེམས་བྱུང་རྒན་པོས་གང་སར་ཁྲིད་པའི་རྗེས།།

སྐྲ་ཡི་ལན་བུ་སྐྱོད་པའི་བཞིན་བཟང་མས།།

ཡིད་ཀྱི་བླ་སྲོག་དབང་མེད་འཁྱམས་པར་བྱས།།

གཞོན་ནུའི་ལང་ཚོ་ཁེར་རྐྱང་རླུང་གིས་ཁུར།།

ཚེ་ཡི་མཛའ་གྲོགས་རྨི་ལམ་གྲོང་ནས་བོར།།

གཏན་གྱི་ལམ་སྣེ་ནམ་མཁའི་ལྷ་ལ་བཅོལ།།

ད་དུང་ཞེན་པའི་མིག་ཟུང་སུ་ལ་འཕེན།།

སྣ་ཚོགས་སྒྱུ་མའི་ཤོག་བྱ་ཁྲ་ཁྲ་ཞིག།

རེ་དོགས་དཔྱིད་རླུང་འཚུབ་པའི་གསེབ་ནས་མངོན།།

ཐུན་བཞིའི་ཏིང་འཛིན་སྐྱོང་བའི་བསམ་གཏན་པ།།

སྨིག་རྒྱུའི་ཡོལ་བ་དཀྲིས་པའི་རི་ལ་བྲོས།།

འཁོར་བའི་ན་བུན་ལྡང་བའི་གཙང་བོ་རུ།།

ཚོགས་དྲུག་ཟས་ཀྱི་ཟོལ་བག་འཛུམ་པ་ན།།

ཡིད་ཀྱི་ཉ་མོ་གང་འདོད་རྩེན་པའི་གར།།

ལན་གཅིག་སྒེག་མོའི་དཔལ་ལ་ཕྱོགས་དགོས་བྱུང་།།

ལང་ཚོའི་རྒྱ་ལྕང་ལྡེམ་པའི་འཇོ་སྒེག་མཁན།།

ཡིད་ཀྱི་སྙིང་ཤ་འཕྲོག་པའི་ཆོམ་རྐུན་མ།།

དྲན་པ་སྨྱུག་རྩེར་སྐྱོམ་པའི་སྙན་ངག་པས།།

ཚིག་དང་ཐ་སྙད་སྡེབ་པའི་བརྗོད་བྱ་ཉིད།།

ཚོར་བའི་ཉ་མོ་འཛིན་པའི་བུ་ཆུང་གིས།།

མི་ཆོས་གླུ་རུ་ལེན་པའི་ངང་ཚུལ་དེ།།

ནུབ་མཐའི་རྒྱ་མཚོ་གཡོ་བའི་འགྲམ་ངོགས་ནས།།

ཁེར་རྐྱང་རྣམ་ཤེས་གསོ་བའི་གྲོགས་སུ་བླངས།།

༼ ཁམས་སྨྱུག་གསར། ༽