国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡོད་མི་ཚུགས་པའི་གླུ།

ལོ་ཟླའི་འཁོར་ཕྱོགས་ཆུ་བོ་བཞུད་པ་འདྲ་ཟེར།།

འདི་ནས་མར་ལ་བཞུད་ཀྱང་ཡར་ཡོང་མི་འདུག།

འདི་ནི་དངོས་པོ་ཞིག་གི་གཤིས་ལུགས་ཡིན་ཙང་།།

བདག་གིས་ཤོར་ཟིན་དེ་ལ་ཡར་ཡོང་མེད་ཟེར།།

འདས་པའི་ལོ་ཟླ་དེ་དག་ཕྱིར་ལྡོག་མི་འདུག།

ད་ནི་རྒས་ཉམས་སྣ་ཚོགས་དོད་པར་མཐོང་སོང་།།

ཤར་རི་རྩེ་ཡི་ཕུགས་བསམ་ཟླ་བ་དཀར་པོ།།

བདག་གི་གམ་ནས་ཕར་ཕར་ནུབ་པ་ཚོར་བས།།

ལེ་ལོ་མུན་པ་འདི་ལ་སངས་པ་མེད་དམ།།

ཡིད་ཀྱི་ཁུར་པོ་འདི་ལ་འབོགས་ཐབས་མེད་དམ།།

རྣམ་རྟོག་དྲན་འཁྲུལ་དུ་མ་རྒྱབ་ཏུ་གཡུགས་ནས།།

ཕུགས་ཀྱི་ལམ་ཆེན་གཅིག་ལ་དེད་ནས་སོང་ཡང་།།

འབད་པ་ཁབ་མིག་ལྟ་བུ་ཧ་ཅང་ཆུང་བས།།

དམིགས་ཡུལ་རི་བོ་འདྲ་ཞིག་ཚུད་རབས་མི་འདུག།

ད་ནི་འདི་ནས་འདུག་གམ་ད་དུང་འགྲོ་དགོས།།

ལོ་ཟླ་ཐོགས་མེད་ཡིན་པས་འཛིན་ཐབས་མི་འདུག།

ཚེ་ཡི་ཕྱེད་ཀ་རྫོགས་པའི་ཚེ་མཇུག་འདི་ནས།།

མི་ལུས་དོན་མེད་ཡིན་པའི་འཁུན་སྒྲ་གྲགས་བྱུང་།།

སེམས་ཀྱི་དམ་ཚིག་འབྲུ་རྡོག་སྤར་གང་འདི་ཡང་།།

འདི་ལྟར་རེ་རེ་བྱས་ནས་འཛད་དགོས་རེད་དམ།།

༼ ཞགས་པ། ༽