国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐའ་མཇུག་གི་འཕྲིན་དུམ།

ཉེ་བའི་ལོ་ངོ་འདི་དག་གི་རིང་ལ། ངས་ནམ་ཡང་སེམས་ཀྱི་བརྩེ་བ་ཡོད་ཚད་བཙིར་ནས་སྙིང་གཏམ་མང་པོ་ཞིག་ཁྱོད་ལ་ལྷུག་པོར་བརྗོད་ཡོད། འདི་ནི་ངས་ཁྱོད་ལ་བརྩེ་བ་མཚོན་སྟངས་ཤིག་ཡིན་ལ། དྲན་པའི་རི་མོ་འབྲི་སྟངས་ཤིག་ཀྱང་ཡིན། དེ་ཁྱེད་ཀྱིས་ཤེས་བཞིན་ཡོད་དམ། ངས་ཁྱོད་ལ་བཤད་པའི་སྐད་ཆ་རེ་རེ་ཡང་བརྩེ་དུངས་ཀྱིས་ཕྱུག་ཅིང་དྲན་གདུང་གིས་བརྒྱན་ཡོད།

ཡིན་ཡང་ཁྱེད་ཉིད་ཀྱི་མིག་ནས་ང་ནི་ན་ཟུག་སློང་བྱེད་ཀྱི་ཚེར་མ་ཞིག་ཡིན་ཐག་ཆོད་ཡིན། ཅི་འདྲའི་ཡིད་སྐྱོ་བ་ལ་ཨང་། ད་ནི་ངས་བཤད་དགོས་པའི་སྙིང་གཏམ་ཡོད་ཚད་ལོ་ཟླའི་མིག་ཆུ་ལ་བརྒྱུད་ནས་བཤད་ཚར་ལ། ཁྱོད་ལ་བཅངས་འོས་པའི་ནང་སེམས་ཀྱི་བརྩེ་དུང་ཡང་ལྷད་མེད་དུ་བཅངས་མྱོང་། མཐའ་ན་ངས་ཁྱོད་ལ་རང་གིས་སྒྲུབ་ཐུབ་པའི་རོགས་རམ་འགའ་རེ་ཡང་བསྒྲུབས་ཚར་བ་ཡིན། དེ་དག་ངས་མཐའ་མཇུག་རང་གི་སེམས་ལྷོད་ལ་འབབ་བྱེད་ཀྱི་ཆོད་སེམས་ཕྲན་བུ་ཙམ་ཡིན།

དེ་རིང་ནི་ལོ་རྙིང་ཞིག་གི་མཐའ་མཇུག་གི་ཉིན་མོ་རེད། ལོ་འདི་དག་ལ་ངའི་དམར་ཆུང་སྙིང་ལ་འབྱར་བའི་ཁྱོད་རང་ཡང་དེ་རིང་ནས་བདེ་བར་བཞུད་ཅིག། དུས་དེ་རིང་ནས་བཟུང་ངས་རང་ཉིད་གཙང་སེལ་བྱེད་རྒྱུ་ཡིན། རང་གི་བྱང་ཁོག་ཏུ་འཁྱིལ་བའི་མི་བཟོད་པའི་སེམས་ཀྱི་སྡུག་ཡུས་ཀྱི་རྒྱ་མཚོ་མཐའ་དག་ཕྱིར་ལ་འབྱིན་ངེས་ཡིན།

སྤྱིར་ན་ཁྱོད་ནི་ངའི་མི་ཚེ་འདིའི་བརྩེ་དུང་གི་ལས་འཕྲོ་རུ་སེམས་ཡོད་མོད། འོན་ཀྱང་ཁྱོད་ཀྱིས་ངའི་ཡ་ཆུང་དུ་གྲི་ཡིས་བསྣུན་པ་མང་དྲགས་པས། ངས་ཅིས་ཀྱང་བཟོད་ཐུབ་མི་འདུག་ལགས། དེ་ཡིས་དེ་རིང་ནས་ང་རང་ཡང་བསྐྱར་ལམ་སྣེ་གཞན་ཞིག་ཏུ་ཆས་ངེས་ཡིན། ངས་རང་གི་དྲན་གདུང་ལ་འཐིབ་པའི་ན་བུན་སྟུག་པོ་འདི་ཡང་མུན་པ་དྭངས་པ་བཞིན་སེལ་བར་ཤོག་ཅེས་སྨོན་ལམ་བཏབ་ཡོད།

“སྙིང་ཉེ།” འདི་ནི་ངས་ཁྱོད་ལ་ཆེས་མཐའ་མཇུག་བོས་པ་ཡིན། མིང་ཚིག་འདི་ནི་ཤིན་ཏུ་རིན་ཐང་ཆེ་ནའང་། དེ་རིང་ནི་མི་སྙན་པའི་ཚིག་ཅིག་ཏུ་འགྱུར་ཡོད་ཀྱང་སྲིད་མོད། དེ་ནི་ལས་དབང་གི་ངོ་གདོང་ནག་དྲགས་པས་ཨེ་ཡིན་སྙམ། ངའི་སེམས་སུ་འབབ་པའི་མིག་ཆུ་འདི་དག་གིས་ཀྱང་། ལས་དབང་ལ་ཨུ་ཚུགས་ཀྱིས་ལེ་བདའ་བྱེད་ཀྱིན་གདའ། འོན་ཀྱང་ལས་དབང་ནི་ལས་དབང་སྟེ། སྔར་བཞིན་ངོ་གདོང་ནག་པའི་མུན་པ་ཡུག་གཅིག་དེ་རེད། ང་ཡང་ཉག་ཁའི་ཉི་འོད་བཞིན་དལ་གྱིས་ཡིབ་འགྲོ་ངེས་ཡིན།

“བདེ་མོ་བྱོས།”འདི་ནི་ཁྱོད་ལ་རན་པའི་ཚིག་གཅིག་ཡིན། ལས་དབང་གིས་ང་ཚོ་ལམ་མི་འདྲ་བའི་མགྲོན་པོ་ཞིག་ཏུ་སྟ་གོན་བྱས་འདུག། ང་ཚོ་འདི་ནས་གྱེས་ཏེ་ནམ་ཞིག་ཚེ་ཕྱི་མར་བུད་འགྲོ་ལ། དེ་རིང་ནས་བཟུང་འུ་གཉིས་ནི་རྨི་ལམ་ནང་གི་བག་ཆགས་ཙམ་ཡིན། ངས་རང་གི་ལས་དབང་གི་མིག་ཆུ་ཡང་རྨི་ལམ་དུ་འཕོས་ནས་སླར་ཡང་རྨི་ལམ་གྱི་གཏམ་རྒྱུད་ཅིག་འབྲི་ངེས་ཡིན།

༼ གངས་ཟེགས། ༽