国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བག་ཆགས་ནང་ གི་ལྷ་མོ།

གང་ཞིག་སྣང་སྟོང་བོར་བའི་ཚུལ་བྱུང་ཚེ། །

འཛུམ་པའི་སོ་ཕྲེང་བསྟར་ལ་རབ་རྒྱུས་པའི། །

སྒྱུ་ལུས་འཁོར་འདས་གཉིས་ཀྱི་ས་མཚམས་ན། །

ཆུ༵་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན། །

སྙན་འཇེབས་གདངས་ཀྱི་མགྲིན་པ་ཡངས་པོ་རུ། །

བག་ཆགས་སྟོབས་ཆེན་ཞིག་གིས་རི་མོ་བྲིས། །

དེ་ཚེ་འདུག་བཟོད་མེད་པའི་སྣང་ཤས་ཉིད། །

མཁ༵འ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །

ཉི་ཟླའི་གསང་ལམ་རེ་རེའི་མཐོང་སྣང་ངོགས། །

པིར་སྙུག་སྣོད་བཅུད་གཤིས་ལས་མ་འབྲལ་བའི། །

བདག་དང་བདག་འདྲའི་ཡིད་ཀྱི་དགའ་མ་ནི། །

དྲི༵་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། །

དྲན་གདུང་གཤིས་ཀྱི་འཁོར་འདས་ནང་རོལ་ན། །

ཡིད་ཀྱིས་མཐོང་ཞིང་ལག་པས་མི་ཟིན་ཞིང་། །

མགྲིན་པའི་ལང་ཚོ་ཁོ་ན་ངོམས་མཛད་པའི། །

རི༵ང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །

དག་གཙང་དྲི་བྲལ་སྒྲིབ་པས་མ་གོས་ཤིང་། །

དར་ཤམ་སྨད་གཡོག་དཀྲིས་པའི་ཡིད་འོང་མ། །

ཁྱོད་ནི་བརྗོད་མི་ནུས་པའི་རྩྭ་ཐང་དཀྱིལ། །

པདྨ༵འི་བཞིན་ལ་གཡོ་ལྡན་བུང་བའི་མིག །

སྐྱེ་བ་ཚེ་རབས་དུ་མར་སོང་བའི་ཁྲོད། །

ཁྱོད་ཀྱི་བག་ཆགས་སྙིང་ལ་སིམ་དྲགས་པས། །

ཀུན་ཏུ་བསིལ་བའི་སྨན་ཆབ་བྲན་པ་མོ། །

མཐོ༵ན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། །

སྙན་འཇེབས་གདངས་ཀྱི་མགྲིན་པའི་སྒྱུ་རྩལ་ལ། །

ལས་ཅན་གྲོགས་སུ་འགུགས་པའི་རྒྱན་སྤྲས་ཏེ། །

ཀུན་གཞིའི་བག་ཆགས་དབྱིངས་སུ་གར་སྟབས་ཀྱི། །

རོ༵ལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །

རེས་འགའ་གསལ་ལ་རེས་འགའ་མི་གསལ་བའི། །

མཛེས་པའི་གཤིས་ཀྱི་སྟོན་མོ་རབ་རྫོགས་ཤིང་། །

མཐོང་འདོད་གདུང་བའི་དབྱིངས་ཀྱི་མཛའ་ན་མོ། །

ད༵་དུང་བདག་ལ་ངག་གི་དངོས་གྲུབ་སྩོལ། །

རྣམ་རྟོག་ངན་པའི་རྩ་བ་སུན་ཕྱུང་ཞིང་། །

དག་པ་བདེ་ཆེན་རྒྱལ་བའི་ཞིང་ཁམས་དེར། །

མི་ཟད་དགའ་བའི་གླུ་དབྱངས་ལེན་མཛད་མ། །

རོ༵ལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །

ལས་འཕྲོའི་གསང་ལམ་རེ་རེ་བརྒལ་བའི་ཁྲོད། །

ཁྱོད་ཀྱི་ཟུར་མིག་གཉུག་མའི་ཀློང་ཡངས་སུ། །

ཁྲ་ཆེམ་ཆེམ་དུ་མེ་ཏོག་ཚོམ་བུན་བཞིན། །

མི༵ག་གིས་བལྟས་ནས་མི་ངོམས་ཡིད་འཕྲོག་མ། །

སྣང་བ་སྣ་ཚོགས་འཆར་བའི་འཇིག་རྟེན་ན། །

དད་པའི་བརྩེ་འདུན་རིང་དུ་བཅངས་ལགས་ན། །

གཅེས་པའི་བྱམས་པ་རིང་སར་མ་ཕྱོགས་པའི། །

མ༵་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །

དུས་བཞིའི་ལ་མོ་བརྒལ་བའི་ས་མཚམས་ན། །

མི་ཚེའི་བརྡ་ཡིག་འཚོལ་བའི་ཐ་མལ་པས། །

དུས་ཀུན་ཁྱོད་ཉིད་གོམས་པའི་སེམས་ཉིད་འདི། །

ང༵ག་དབང་ལྷ་མོ་ཉིད་དང་མཚུངས་པར་ཤོག ། ༼ ལྡེའུ་ནག ༽