国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དམིགས་ཡུལ་ལ་དམ་པོར་དམིགས་ནས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་སྙིང་རུས་གཏན་འཁྱོངས་བྱས་ནས་རྨ་ཆུས་ཀྲུང་ཧྭའི་མི་རིགས་ལ་དུས་གཏན་དུ་ཕན་བདེ་བསྐྲུན་པར་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་ནན་གསུང་གནང་བ།

དམིགས་ཡུལ་ལ་དམ་པོར་དམིགས་ནས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་སྙིང་རུས་གཏན་འཁྱོངས་བྱས་ནས་རྨ་ཆུས་ཀྲུང་ཧྭའི་མི་རིགས་ལ་དུས་གཏན་དུ་ཕན་བདེ་བསྐྲུན་པར་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་ནན་གསུང་གནང་བ།

(པར་ངོས་དང་པོར་མཐུད།)

ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱས་ཚུན། ང་ཚོས་རྨ་ཆུ་འབབ་རྒྱུད་དུ་་ཐོན་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་ལས་དོན་འབོར་ཆེན་སྤེལ་བ་སྟེ། རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་གི“གདུང་བཞི་ཀ་བརྒྱད”བཙུགས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱས་པ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ། བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་རྒྱས་གསར་པ་བྱུང་ཡོད། དེ་དང་ཆབས་ཅིག་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ད་དུང་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་འགའ་ཞིག་གནས་ཡོད་པ་མཐོང་དགོས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ཡང་འབད་བསྐྱར་འབད་ཀྱིས་བློ་བརྟན་འགྱུར་མེད་ངང་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།

ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ནས་སྐྱེ་ཁམས་སྔོན་དུ་སྤེལ་བ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་པ་སྟེ། གཅིག་ནི་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་མཐའ་འཁྱོངས་བྱས་ཏེ་སྲུང་སྐྱོང་དང་གོང་འཕེལ་གྱི་འབྲེལ་བར་བློ་གདེང་གནད་དུ་འཁེལ་བར་བྱ་དགོས། སྲུང་སྐྱོང་ཆེན་པོ་བྱ་རྒྱུ་དེ་འགག་རྩའི་ལས་འགན་ལ་བརྩིས་ཏེ་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་དང་། ཆུ་གྲོན་ཆུང་དང་ཚོད་འཛིན་གཏིང་ཟབ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་གཏང་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་གསར་སྤེལ་འཛུགས་སྐྲུན་ཐད་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་འདིར་ངེས་པར་དུ་བརྩི་སྲུང་ཞུ་བ་དང་ཐོན་ཁུངས་དང་ལྷག་པར་དུ་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཚད་བཀག་ངེས་པར་དུ་ནན་པོ་བསྲུངས་ཏེ་སྟོབས་ནུས་གཉིས་ལྡན་གྱི་གཅུན་འདོམས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་དགོས། གཉིས་ནི་འཕེལ་རྒྱས་དང་ཉེན་མེད་ཀྱི་དོན་ཆེན་གཉིས་ལ་སྤྱི་འདོམས་བྱས་ཏེ་ཉེན་ཁ་འགོག་ནུས་དང་ཁ་གཏད་གཅོག་ནུས་ཇེ་དྲག་ཏུ་གཏང་དགོས་ཤིང་། ཆུའི་ཉེན་མེད་དང་ཉེན་ཁར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་གྲོན་ཆུང་སྒོ་ནས་ཆུ་སྤྱོད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏང་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་སོང་བའི་རྙོག་འཛིང་ཆེ་ལ་ཤུགས་དྲག་ཆེ་བའི་ཤུགས་རྐྱེན་ལ་བླ་ན་མེད་པའི་མཐོང་ཆེན་བྱེད་པ་དང་། ཉེན་མེད་ཀྱི་ངོས་ནས་ཁ་གཏད་ཧུར་ཐག་གཅོག་པ། གནོད་འཚེ་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་སྲུང་སྐྱོང་བྱ་དགོས། གསུམ་ནི་འཐབ་ཇུས་ཀྱི་བསམ་གཞིག་ནུས་པ་ཆེ་རུ་བཏང་ནས་བརྒྱུད་རིམ་ལྡན་པའི་ལྟ་བ་དེ་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་དགོས། སྤྱི་ཡོངས་དང་ཆ་ཤས་བར་གྱི་འབྲེལ་བར་བློ་གདེང་ཡག་པོ་བྱས་ནས་བསམ་ཇུས་གཅིག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་གནད་དོན་གལ་ཆེན་ཐད་སྤྱི་ཡོངས་ཀྱི་ཁེ་ཕན་གཙོ་བོར་འཛིན་དགོས། མིག་སྔ་དང་ཕུགས་ཡུན་བར་གྱི་འབྲེལ་བར་བློ་གདེང་ཡག་པོ་བྱས་ནས་ཕུགས་ཡུན་དམིགས་ཏེ་ཞིབ་འཇུག་ནན་ཏན་བྱེད་པ་དང་མིག་མདུན་གྱི་ཁེ་ཕན་ཁོ་ནར་རྔམ་པ་དང་འཕྲལ་དུ་ལེགས་སྒྲུབ་ཡོང་རེ་བྱེད་པའི་བསམ་བློ་ཁྱད་བསད་བྱ་དགོས། བཞི་ནི་འབྱུང་འཕྲོད་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་རྨ་ཆུ་འབབ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་གསར་སྒྱུར་དང་། ལས་ཕྱོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏང་དགོས། མཁོ་དང་སྤྲོད་སྣེ་གཉིས་ནས་དམ་འཛིན་བྱས་ཏེ་ནུས་རྒྱུ་ཟད་གྲོན་ཐད་གཉིས་ཀར་ཚོད་འཛིན་བྱེད་པའི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ་དང་། “མཐོ་གཉིས”རྣམ་གྲངས་རྨོངས་ཚོད་ཀྱིས་ལག་བསྟར་བྱ་རྒྱུར་ཚོད་འཛིན་ནན་པོ་བྱེད་པ། ནུས་རྒྱུ་ཐོན་སྐྱེད་ཀྱི་གྲུབ་ཆ་གོ་རིམ་ལྡན་པའི་ངང་ལེགས་སྒྲིག་བྱ་རྒྱུར་དམ་འཛིན་བཅས་བྱས་ནས་ཐཱན་འབུད་ཚད་མང་ཞིང་རྗེས་ལུས་ཐེབས་པའི་ཐོན་ནུས་དང་ཐོན་སྐྱེད་བཟོ་རྩལ་འདོར་དགོས། རྡོ་སོལ་དང་གློག་ཤུགས་མཁོ་འདོན་བརྟན་པོ་ཡོང་བར་འགན་ལེན་ནུས་ལྡན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་འགན་ལེན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན་པས་ལས་འགན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་རྣམ་པ་གསར་པ་གང་མགྱོགས་ཐོན་རྒྱུར་བརྩོན་ལེན་བྱ་དགོས་པ་སྟེ། གཅིག་ནི་རང་བྱུང་གནོད་འཚེ་འགོག་པའི་འགོག་རགས་གང་མགྱོགས་འཛུགས་དགོས་ཤིང་། ཆུ་ལོག་ཆེན་པོ་དང་གནོད་འཚེ་ཆེན་པོ་འགོག་རྒྱུར་གཞི་ཚུགས་པ་དང་འབྲུབ་འགོག་གེགས་སེལ་ཐད་མངོན་པའི་ལྷུ་ཚིགས་ཞན་སར་དམིགས་ཏེ་མགྱོགས་མྱུར་ཚང་བཤེར་ཆད་གསབ་དང་། གནོད་འཚེའི་ཉེན་ཟོན་ལྟ་ཞིབ་ཚད་ལེན་གྱི་ཞན་ཆ་སེལ་བ། གནོད་འཚེ་སྔོན་འགོག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་བཅས་བྱེད་དགོས། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་གཤང་བའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་སྐྱེ་ཁམས་བར་མཐོངས་དང་ཆུ་ལོག་གཤང་ལམ་སོགས་ལ་སྲུང་སྐྱོང་ནན་པོ་བྱ་དགོས། གཉིས་ནི“ཆུ་བཞིས་གཏན་འཁེལ་བཞིའི”རྩ་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས། ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་ལ་བརྟེན་ནས་ས་ཆ་གཏན་འཁེལ། ཆུ་ལ་བརྟེན་ནས་མི་གཏན་འཁེལ། ཆུ་ལ་བརྟེན་ནས་ཐོན་སྐྱེད་གཏན་འཁེལ་བཅས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཆུའི་ཉེན་མེད་འགན་ལེན་ནུས་ལྡན་དང་། ཆུའི་ཐོན་ཁུངས་ནུས་ཆེ་བེད་སྤྱོད། ཆུའི་སྐྱེ་ཁམས་མངོན་གསལ་དོད་པོས་ལེགས་གཏོང་བཅས་ཀྱི་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་དགོས། ཆུའི་ཐོན་ཁུངས་སྤྱོད་མཁས་པོ་བྱེད་པ་དང་ཆུའི་ཐོན་ཁུངས་ལ་དོ་དམ་ནན་པོ་དང་ཞིབ་ཚགས་བྱེད་དགོས། ཆུའི་དབང་ཆ་དང་བཙོག་འབུད་དབང་ཆ་སོགས་ཀྱི་ཉོ་ཚོང་བྱེད་ཐབས་གསར་གཏོད་དང་། ནོར་ཁྲལ་གྱི་འདེགས་ཤིང་བེད་སྤྱོད་ཡག་པོ། རིན་གོང་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་ཆུ་གྲོན་ཆུང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ལྡོག་སྐུལ་བྱ་དགོས། གསུམ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཐོན་ཁུལ་དུ་རང་བྱུང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་གཙོ་བོར་བྱེད་པ་དང་མཐོ་སྒང་མཐོ་གྲང་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་ལ་གཞི་གཅིག་ཅན་གྱི་སྒོ་ནས་སྲུང་སྐྱོང་བྱས་ཏེ་གོ་རིམ་ལྡན་པའི་ངང་སོར་ཆུད་སྐྱེ་འཕེལ་གྱི་ལམ་ལུགས་ལག་ལེན་བསྟར་དགོས། རྨ་ཆུའི་སྟོད་རྒྱུད་དང་དབུས་རྒྱུད་ཀྱི་ས་ཆུ་ཤོར་བར་བཅོས་སྐྱོང་དང་ཐང་རྒོད་ཅན་འགོག་བཅོས་ལ་དམ་འཛིན་ཡག་པོ་བྱས་ཏེ་རྨ་ཆུ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏང་དགོས། རྨ་ཆུའི་སྨད་རྒྱུད་ཀྱི་ཆུ་ལམ་དང་གྲམ་ཐང་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆུ་མདོ་ཟུར་གསུམ་གླིང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེ་རུ་གཏང་དགོས། ཁོར་ཡུག་གི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་གི་འདུ་འགོད་ལག་བསྟར་ཡག་པོ་བྱ་དགོས། བཞི་ནི་རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་རྣམ་པ་གསར་པ་གང་མགྱོགས་འཛུགས་དགོས། རྨ་ཆུ་འབབ་རྒྱུད་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་ས་ཁུལ་འདི་དག་བློ་གཅིག་སེམས་གཅིག་གིས་སྲུང་སྐྱོང་ལ་གཞོལ་དུ་འཇུག་པ་དང་སྐྱེ་ཁམས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འོས་འཚམ་གཏང་དགོས། ཞིང་ལས་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བར་ཆུ་གྲོན་ཆུང་བྱས་ནས་ཕན་འབྲས་ཐོན་པ་དང་ཚན་རྩལ་ལ་བརྟེན་ནས་ཕན་འབྲས་ཐོན་པ་བྱས་ཏེ་སྐམ་འདེབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ཡུག་འབྲེལ་གྲོང་ཁྱེར་དང་གྲོང་ཚོམས་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བའི་འཕེལ་རྒྱས་གཏང་དགོས་པ་ལས་རྨོངས་ཚོད་ཀྱིས་རྒྱ་སྐྱེད་གཏོང་མི་རུང་། ལྔ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་བརྟན་པོ་སྤོས་དགོས། གསར་གཏོད་གསར་སྐྲུན་མཐའ་འཁྱོངས་བྱས་ཏེ་ཐོན་ལས་འཁོར་འབྲེལ་དང་གསར་གཏོད་འཁོར་འབྲེལ་མཐུན་སྦྱོར་གྱི་ཆུ་ཚད་མཐོ་རུ་གཏང་དགོས། ནུས་རྒྱུའི་གསར་བརྗེར་སྐུལ་འདེད་བཏང་ནས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བརྟན་པོ་བྱ་དགོས། མཚོ་རྒྱུད་དང་འབྲི་ཆུའི་རྒྱུད་ཀྱི་ས་ཁུལ་དང་ཕན་ཚུན་སྦྲེལ་མཐུད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མ་དངུལ་གཏོང་འཇོག་ནུས་ལྡན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་ཡག་པོ་འཚོག་ཐུབ་ཆེད། ཚེས20དང་ཚེས21ཉིན་བར་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལི་ཀན་ཅེ་དང་ལས་ཚབ་ཧྲེང་ཀྲང་ཀྲོའུ་ནའེ་ཞང་གི་ཕེབས་རོགས་འོག་ཏུང་དབྱིང་གྲོང་ཁྱེར་གྱི་རྨ་ཆུ་འབབ་ཁུལ་དང་། ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ཁུལ། དེ་སྔའི་རྨ་ཆུའི་ཆུ་ལོག་འཁྱིལ་ཁུལ་གྱི་གྲོང་མི་གནས་སྤོ་སྡེ་ཁུལ་སོགས་སུ་ཕེབས་ནས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ས་ཆ་དངོས་སུ་མཁྱེན་རྟོགས་གནང་བ་རེད།། ( མི་དམངས་དྲ་བ་ནས་དྲངས།)