ད་ལོའི་དབྱར་ཟླ་ཐ་ཆུང་གི་དུས་ཤིག་ལ་མངའ་རིས་སུ་འགྲོ་རྒྱུའི་གོ་སྐབས་ཤིག་བྱུང་སོང་། དེ་ཡང་ཆུང་དུས་ནས་སློབ་གྲྭ་རུ་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་བོད་སྟོད་སྨད་བར་གསུམ་གྱི་སྐོར་དགེ་རྒན་གྱིས་སློབ་ཁྲིད་གནང་ཞིང་བློར་འཛིན་བཅུག་ཅིང་།ད་བར་དུ་སློབ་ཚན་གྱི་མཆན་དུ་བཀོད་པའི་ཡིག་འབྲུ་དེ་དག་རེ་རེ་བཞིན་རྡོ་ལ་རི་མོ་བརྐོས་པ་ལྟར་གསལ་ལྷང་ངེར་བགྲང་དུ་ཆོད་ཀྱང་།ས་ཆ་དེ་དག་ལ་དངོས་སུ་གོམ་པས་འཇལ་བའི་ཁོམ་ལོང་ཞིག་ད་རེས་མ་གཏོགས་རྙེད་མ་སོང་།
དབྱར་ཟླ་ཐ་ཆུང་གི་གནམ་ཟླ་ནི་དྲོད་ལ་བབ་ཅིང་ཆར་ཆུ་རྒྱས་པའི་དུས་ཡིན་ལ།སྒེའུ་ཁུང་གི་ཕྱི་རོལ་ནས་ཆར་སྒྲ་ཤག་ཤག་ཏུ་འབབ་ཀྱིན་འདུག་ཀྱང་། ངས་སྔ་ལངས་བྱས་ནས་ཞོགས་ཇ་བཏུང་རྗེས་དར་མདོའི་གནམ་ཐང་གི་ཕྱོགས་སུ་བསྐྱོད་དེ་ཆུ་ཚོད་བཅུ་པར་ལྷ་སར་འཕུར་བའི་གནམ་གྲུར་བསྡད་ནས་ལྷ་སར་སོང་བ་ཡིན།ཉིན་དེར་ལྷ་སར་ཞག་སྡོད་བྱས་པ་དང་ཕྱི་ཉིན་སྔ་མོར་ཡང་ཆར་ཟམ་ཟིམ་འབབ་ཀྱིན་པའི་ལྷ་སའི་གངས་དཀར་གནམ་ཐང་ནས་མངའ་རིས་ཕྱོགས་སུ་འཕུར་བ་ཡིན།གནམ་གྲུས་སྤྲིན་གྱི་བང་རིམ་གཏོར་ཏེ་དགུང་ལ་བསྙེགས་ཤིང་། ཡུན་ཙམ་ནས་གཡའ་དག་པའི་མཁའ་དབྱིངས་ཤིག་མིག་ལམ་དུ་མངོན་པ་དང་།དམར་མདངས་རབ་ཏུ་འཚེར་བའི་ཞོགས་པའི་ཉི་གཞོན་གྱི་ཟེར་ཕྲེང་རེ་རེ་གནམ་གྲུའི་སྐར་ཁུང་ནས་འཕྲོ་རེས་བྱེད་ཅིང་ལྷག་པར་མཛེས་ལ། འོག་ན་སྤྲིན་དཀར་གྱི་བང་རིམ་དེ་དག་སྐབས་རེར་ཁང་རྩེག་མཐོན་བའི་གྲོང་ཁྱེར་རེ་རེ་དང་།མཚམས་རེར་མཚོ་མོ་འཁྱིལ་བའི་རླབས་ཕྲེང་རེ་རེ་བཞིན་རྣམ་པ་མི་འདྲ་བའི་མཛེས་སྡུག་གི་བཀོད་པ་མིག་ལམ་དུ་མངོན་བཞིན། དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་འཕུར་བསྐྱོད་ལས་གནམ་གྲུ་མངའ་རིས་དགུན་ས་གནམ་ཐང་དུ་བབས་བྱུང་།
དགུན་ས་ལ་སླེབས་པ་ན་དངོས་གནས་དགུན་ཁ་སླེབས་སོང་བ་འདྲ་བའི་ཉམས་སྣང་ཞིག་སྟེར་བྱུང་།གྲང་ལྷགས་ཀྱི་འཁྱག་པ་དེ་འདྲ་མེད་ནའང་། རི་ལུང་ཐང་གསུམ་ན་སྔོ་ལྗང་གི་རྩི་ཤིང་དང་མེ་ཏོག་སོགས་མཐོང་དཀོན་པས་ས་བབ་མཐོ་ལ་སྐྱེ་ཁམས་ཀྱི་གསོན་ཤུགས་ཞན་པའི་གནས་ཤིག་ཡིན་ཏེ།མངའ་རིས་ས་ཁུལ་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་གནམ་གྱི་མཐའ་ཞེས་འབོད་ཀྱི་ཡོད་ལ། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི༤༥༠༠ཡན་ལ་ཡིན་ཞིང་།དེ་ལའང་རི་བོ་ཁྲིའི་རི་རྩ་དང་ཆུ་མོ་བརྒྱའི་ཆུ་རྩ་ཞེས་གྲགས་ཤིང་། ས་རྒྱ་ཆེ་ལ་གངས་རི་མུ་ཁྱུད་དུ་གནས་པ་དང་། ནམ་མཁའ་དང་བར་ཐག་ཉེ་ཞིང་སྤྲིན་དཀར་གྱི་བང་རིམ་དམའ་བ། ས་ཁུལ་འདིར་གནས་རི་དང་བླ་མཚོ་སོགས་མང་བས་ངོ་མཚར་དང་མཛེས་སྡུག་གིས་ཕྱུག་པའི་གནས་ཁྱད་པར་ཅན་ཞིག་ཡིན་ནོ།།
གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ།
གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་གནའ་བོའི་མཁར་གྲོང་གི་ཤུལ་རྙིང་ཞིག་ཡིན་ལ། དེ་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་ཡོད་ཅིང་། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་སྡེ་ཚན་ཁོངས་སུ་གཏོགས་པ་ཡིན།
རྩ་མདའ་རྫོང་ནི་ཧི་མ་ལ་ཡའི་རི་རྒྱུད་དང་གངས་རིན་པོ་ཆེའི་རི་རྒྱུད་བར་དུ་ཆགས་ཤིང་།ལྷོ་ནུབ་ནི་རྒྱ་གར་དང་ནུབ་བྱང་ནི་རྒྱ་གར་མངའ་འོག་གི་ཀསྨི་ར་དང་འབྲེལ་ཡོད།རྫོང་འདི་ཉིད་ལ་རྒྱལ་ཁབ་ཀྱི་ས་གཤིས་བང་མཛོད་ཅེས་པའི་སྙན་པའི་གྲགས་པས་ཁྱབ་པ་དང་།གནའ་བོའི་ཞང་ཞུང་རྒྱལ་རབས་དར་ཡུལ་ཞིག་ཡིན་ཞིང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ་མེས་པོའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་སྐྱེ་བོའི་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་ཉིང་བཅུད་ཀྱང་མང་དག་ཅིག་གནས་དེར་འདུས་ཡོད།
ལྷག་པར་དུ་གནས་དེའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཡོད་པའི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་ཞིག་ཡིན། གུ་གེ་ནི་གནའ་རབས་ཞང་ཞུང་རྒྱལ་པོའི་མངའ་རིས་ཡིན་པར་མ་ཟད། ཞང་ཞུང་རྒྱལ་པོའི་སྡོད་གནས་ཕོ་བྲང་ཁྱུང་ལུང་རྔུལ་མཁར་གྱི་ཉེ་འཁོར་དུ་གནས་ཡོད།བོད་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་ནས་བོད་སིལ་བུར་གྱུར་སྐབས། འོད་སྲུང་གི་རྒྱུད་པ་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་འབྲིང་བ་བཀྲ་ཤིས་མགོན་ནས་གུ་གེ་རྒྱལ་རབས་བཙུགས་པ་དང་། དེའི་སྲིད་དབང་གི་རྒྱུན་ནི་ལོ་ངོ་བདུན་བརྒྱ་ཙམ་བར་གནས། འོན་ཀྱང་གུ་གེ་རྒྱལ་རབས་ནུབ་ཚུལ་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མགོ་ཙམ་དུ་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ཞེས་བྱ་བའི་དཔུང་དམག་གིས་བཙན་འཛུལ་བྱས་ཏེ་གུ་གེའི་རྒྱལ་རབས་གཏོར་བ་དང་དེ་རྗེས་དུས་རབས་འཕེལ་འགྱུར་གྱི་དབང་གིས་གུ་གེའི་གནའ་ཤུལ་དག་ལ་ཆག་འཇིག་གི་ཆར་རླུང་མང་དག་ཅིག་བྱུང་ཡོད་པར་བཤད།
གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ་ནི་རི་འདབས་ཀྱི་དེའུ་འབུར་ཆེན་པོ་ཞིག་གི་སྟེང་དུ་ཆགས་ཤིང་། སྟེང་འོག་བར་གྱི་མཐོ་ཚད་སྤྱི་ཁྲེ་སུམ་བརྒྱ་ཙམ་ཟིན་པ་དང་། དོང་སྦུབས་སུམ་བརྒྱས་བསྐོར་ཡོད། གཞན་ཡང་མཐོ་ཚད་སྤྱི་ཁྲེ་བཅུ་ཙམ་ཡོད་པའི་མཆོད་རྟེན་ཁག་གསུམ་བཅས་ཡོད་ལ་ད་དུང་མཁར་ཤུལ་དེའི་ཁྲོད་དུ་མི་རྣམས་ཀྱིས་ཡིད་འཇོག་ཆེན་པོ་བྱེད་པའི་མཆོད་ཁང་དམར་པོ་དང་། མཆོད་ཁང་དཀར་པོ། འཇིགས་བྱེད་ལྷ་ཁང་། དུས་འཁོར་ལྷ་ཁང་། སྨན་བླའི་ཕོ་བྲང་། ཚོམས་ཆེན་སོགས་ཡོད། ལྷ་ཁང་སོ་སོའི་ནང་ལྷའི་འཇིམ་སྐུ་ཆག་རོ་མང་པོ་ཡོད་པར་མ་ཟད། གྱང་ལྡེབས་སུ་ལྡེབས་བྲིས་ཚར་དུ་དངར་བ་མང་པོ་ཡོད་དེ།ཇོ་བོ་ཤཱཀྱ་མུ་ནེ་དང་།བཙན་པོ་རྣམས་ཀྱི་སྐུ་བརྙན།གུ་གེ་བློན་ཚོའི་འདྲ་རིས་ཀྱང་བྲིས་ཡོད།མཆོད་ཁང་སོ་སོའི་གོང་ལའི་སྟེང་དུ་ཤིང་ལས་བཟོས་པའི་སེང་གེ་དང་།གླང་པོ་ཆེ།རྟ།འབྲུག།རྨ་བྱ་སོགས་ཀྱིས་མཚོན་པའི་སྲོག་ཆགས་ཀྱི་གཟུགས་བརྙན་འདྲ་མིན་མང་པོ་བརྐོས་ཡོད།གཞན་ཡང་ཤུལ་རྙིང་དེའི་མཐའ་སྐོར་ནས་ཁྲབ་རྨོག་དང་ཕུབ།མདའ་མདུང་ལ་སོགས་པའི་གནའ་བོའི་གོ་མཚོན་གྱི་རིགས་ཀྱང་ཡོད་ལ།ས་མཐོའི་ཁུལ་འདི་ནམ་ཟླ་སྐམ་ཤས་ཆེ་ལ་དབྱང་རླུང་ཉུང་བ་སོགས་ཀྱི་རྐྱེན་པས་གྱང་རོ་དང་གནའ་བོའི་དངོས་རྫས་དེ་རྣམས་དུས་ད་ལྟའང་ཉམས་ཆག་བྱུང་མེད་དོ།།
( མཁས་གྲུབ་ཀྱིས་བྲིས་ཤིང་པར་བླངས།)